ཇོ་ཁང་གི་མེ་འོད་འོག་ནས་མཐོང་བའི་བོད་མིའི་བསམ་བློའི་གནས་བབ།

ཡེ་ཤེས་རྡོ་རྗེ།   སྤྱི་ལོ་༢༠༡༨ ལོའི་སྤྱི་ཟླ་༢ པའི་ཚེས་༢༡ ཉིན་བྲིས།

ཉེ་ཆར་ཇོ་ཁང་མེ་ཤོར་བའི་སྐབས་སུ་རྒྱ་ནག་གཞུང་འབྲེལ་མི་སྣས་གནས་ཚུལ་སྟངས་འཛིན་བྱེད་ཕྱོགས་དེར་ནུས་པ་ཅི་འདྲ་ཆེན་པོ་ཐོན་ཡོད་པ་དེ་ལས་ཁོང་ཚོའི་དྲིལ་བསྒྲགས་ཀྱི་ཐབས་ཇུས་ཐད་ནས་བསླབ་བྱ་ལེན་རྒྱུ་གལ་ཆེན་པོ་ཞིག་བྱུང་ཡོད་པ་དང་། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི། བོད་མི་རང་གི་བསམ་བློའི་གནས་བབ་ལ་བསྐྱར་ཞིབ་བྱེད་དགོས་པའི་དྲན་སྐུལ་བཏང་ཡོད། སྤྱིར་རྒྱ་ནག་གི་དྲིལ་བསྒྲགས་བྱེད་ཕྱོགས་ཀྱི་ཐད་ལ་འཛམ་གླིང་འདིའི་ནང་ལ་རྒྱུས་ཆེ་ཤོས་ཡོད་མཁན་གཅིག་བོད་མི་རྣམས་ཡིན་དགོས་པ་ལྟ་བུ་ཞིག་ཡིན་ཡང་། བར་ལམ་གྱི་གནས་ཚུལ་དེ་ཡིས་ང་ཚོ་ནི་ད་དུང་ཡང་དེ་ཡི་མགོ་སྐོར་འོག་ཏུ་ཚུད་རྒྱུར་ཅི་ཙམ་གྱིས་ལས་སླ་པོ་ཡིན་པ་ཚད་གཅིག་འཇལ་སོང་དྲན།

གནས་སྟངས་དེར་བསམ་དུས་ང་ཚོ་རང་གི་རྒྱབ་ལྗོངས་ལ་བསམ་བློ་མི་གཏོང་ཐབས་མེད་རེད།  དེ་ཡང་གཅིག་ནས་དུས་རབས་མང་པོར་བོད་མི་རྣམས་བསམ་བློའི་འཁོར་ལོ་ཕྱོགས་གཅིག་ལ་རྒྱུད་པའི་ལམ་བུ་ཞིག་གི་ཐོག་ལ་བསྐྱོད་ཡོད་པ་དང་། གཉིས་ནས་དད་པ་ཟེར་བ་དེ་འཁོར་ལོ་དེ་སྒུལ་མཁན་གྱི་འཕྲུལ་འཁོར་དེ་ཆགས་ཡོད།   སྤྱིར་བོད་ནང་དར་བའི་ནང་པ་སངས་རྒྱས་པའི་གཞི་རྩའི་སློབ་སྟོན་དེ་རང་གི་རྣམ་དཔྱོད་བེད་སྤྱོད་དགོས་པ་ཡིན་ཞིང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་དུས་རྟག་ཏུ་བོད་མི་རྣམས་ཀྱིས་མིའི་རྣམ་དཔྱོད་དེ་རིན་ཐང་ཆེ་ཤོས་ལ་བརྩི་དགོས་པའི་སྐུལ་མ་གནང་གི་ཡོད་མོད། དོན་དངོས་སུ་བོད་མི་རྣམས་ཀྱིས་རང་གི་རིན་ཐང་དེ་དད་པ་ཆེ་ཆུང་ལ་འཇོག་ཅིང་། སྤྱི་ཚོགས་ནང་གི་རིན་ཐང་ཡང་གཞི་དེ་ལ་འཛིན་སྲོལ་ཆགས་ཡོད་ཅེས་བརྗོད་ན་ཕལ་ཆེར་ཆོག  དད་པ་ཡི་རང་བཞིན་དེ་ཡིད་ཆེས་དང་འབྲེལ་ཡོད་པར་སོང་།  ཡིད་ཆེས་ནི་བོད་མིའི་རང་གཤིས་ཆེན་པོ་ཞིག་ལ་གྱུར་ཡོད།
གནས་སྟངས་འདིའི་འོག་ནས་བོད་མི་བྱིངས་ཀྱིས་རང་གི་རྣམ་དཔྱོད་དང་ཐ་ན་རང་གི་སྒོ་ལྔའི་ཤེས་པ་ལས་མི་གཞན་དང་དེ་ཡང་སྤྱི་ཚོགས་ནང་རང་ལས་མིང་ཆེ་བ་དང་གནས་བབ་མཐོ་བའི་མི་ཡི་སྐད་ཆ་ལ་ཡིད་ཆེས་ཤུགས་ཆེ་བ་བྱེད་སྲོལ་དར། གསུམ་ནས་སྲོལ་རྒྱུན་ནས་བོད་ནང་གནས་ཚུལ་ཚང་མ་མི་གཅིག་ནས་གཅིག་བརྒྱུད་ནས་ཤོད་དགོས་པ་དང་།  གནའ་སྒྲུང་རྣམས་ངག་ནས་ངག་བརྒྱུད་ནས་བཟུང་ཡོད་པ་དེ་ཡིས་ཀྱང་གཞན་ལ་ཡིད་ཆེས་བྱེད་པའི་གོམས་གཤིས་ལ་ངམ་ངམ་ཤུགས་ཤུགས་ཀྱིས་ཞལ་འདེབས་ཤིག་སྤྲད་ཡོད་སྲིད། འདི་ནི་སྔར་སྲོལ་ལས་བྱུང་བའི་གཤིས་ཀ་གཅིག་པུ་ཞིག་མ་ཡིན་པར།      དེང་གི་དུས་སུ་དར་བཞིན་པའི་བོད་མིའི་ཀུན་སྤྱོད་གཅིག་ཀྱང་རེད་འདུག་དྲན།

བོད་ནང་ལ་གནས་སྟངས་དེ་ཤུགས་ཆེན་པོ་ཅི་ཙམ་ཡོད་མ་ཤེས་ཀྱང་།  དེང་སང་བཙན་བྱོལ་སྤྱི་ཚོགས་ནང་ཡོད་པའི་གོམས་གཤིས་སམ་སྤྱོད་ཚུལ་གཅིག་ནི། རང་གི་རྣམ་དཔྱོད་ལས་མེད་དུ་འཇོག་པའམ་གནས་དབྱུང་གཏོང་བའི་མཐུན་རྐྱེན་སྐྲུན་གྱི་ཡོད་པའི་རྣམ་པ་ཞིག་མཐོང་།  དཔེར་ན་མི་མང་པོས་གཞན་གྱི་བཤད་པའི་སྐད་ཆ་འམ་གཞན་གྱི་ཤེས་པའི་ཤེས་བྱ་མི་གསུམ་པ་ཞིག་ལ་ཤོད་དུས།  དེ་རང་གི་ཤེས་པ་ཡིན་པའི་ངག་གི་ཐོག་ནས་བརྗོད་ཀྱི་འདུག  དེའི་རྐྱེན་གྱིས་བོད་མི་མང་པོའི་ཐ་སྙད་ནང་ལ་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་ནས་“རེད་” “མ་རེད”་དང་།  “འདུག”་་”མི་འདུག”་ཟེར་བའི་ཚིག་རྣམས།  “ཟེར་གྱི་འདུག”དང་“ཟེར་གྱི་མི་འདུག”  “ཡིན་ས་རེད”་དང་“ཡིན་ས་མ་རེད”་ཟེར་བའི་ཚབ་ཏུ་བེད་སྤྱོད་མཁན་མང་། བསམ་བློ་ཞིག་ཐོངས་དང་། རང་གིས་མ་ཤེས་ཀྱང་གཞན་གྱིས་བཤད་པའི་གནས་ཚུལ་རྣམས་“རེད”་དང་”མ་རེད”་ཟེར་བའི་ཚིག་ཐག་བཅད་ནས་བརྗོད་ན། ཡིན་རྒྱུ་རང་གི་ཤེས་ཀྱི་ཡོད་མདོག་མདོག་གི་རྫུན་ཚིག་ཞིག་རེད་མོད།                  འོན་ཀྱང་འདི་ཡིས་རང་གི་ཀ་ལའི་ནང་གི་ཀླད་པ་དྲོད་པོའི་ནང་བདེན་རྫུན་མ་དཔྱད་པའི་གཞན་གྱི་སྐད་ཆའི་ལྷགས་པ་གྲང་མོ་ཡིས་རྒྱོང་བ་རེད། བྱེད་སྲོལ་འདི་རྒྱུན་ཅན་དུ་ཆགས་སྐབས། རིམ་བཞིན་རང་གི་བློ་རྒྱ་ཇེ་ཆུང་ནས་ཇེ་ཆུང་དང་། རང་གི་རྣམ་རིག་ཇེ་སྲབ་ནས་ཇེ་སྲབ་ལ་འགྲོ་རྒྱུ་ཆོས་ཉིད་ཡིན།  ཚིག་གིས་ཆ་ནས་བཤད་ན་ཡང་། དོགས་ཚིག་སྟེ། “ཡོད་ས་རེད་”ཅེས་པ་ལྟ་བུ་བརྗོད་ན།  བརྗོད་མཁན་དེས་བསམ་བློ་ཅུང་ཞིག་གཏོང་དགོས་ཀྱི་ཡོད་རེད། དེ་མ་གཏོགས་གཞན་གྱིས་བཤད་པའི་གནས་ཚུལ་ཞིག་རང་གིས་“རེད་”ཅེས་བཤད་ན།  རང་གི་ཀླད་པ་ལ་འགུལ་སྐྱོད་གང་ཡང་ཐེབས་མེད་ལ།   དེ་ལས་ལྡོག་ཏེ།  རང་གིས་རྫུན་བཤད་པའི་གནོང་གིས་རང་སྤོབས་དང་རང་འདེང་ལ་རྨ་ཁ་ཆེན་པོ་བཟོ་ཡི་ཡོད།  གལ་ཏེ་རང་གིས་གཞན་གྱི་བཤད་པའི་སྐད་ཆ་ལ་དཔྱད་ནས་ངེས་ཤེས་བྱུང་བ་ཞིག་ཡིན་ན་ཡང་།  དེ་ལ་“རེད་”ཟེར་མི་ལོ་པར། “རེད་འདུག”་ཅེས་བརྗོད་དགོས་པ་རེད། རེད་འདུག་ཅེས་བརྗོད་དུས་རང་གིས་དཔྱད་པ་བྱས་ནས་ཤེས་ཡོད་པའི་རྟགས་རེད།                  གང་ལྟར་སྤྱོད་ཚུལ་འདི་ལྟ་བུ་ཡིས་རང་ལ་ཡོད་པའི་ཕ་མའི་བྱམས་བརྩེ་དང་འདྲིས་པའི་ཁུ་ཁྲག་དྭངས་མ་ལས་འཁྲུངས་པའི་ངོ་མཚར་ཅན་གྱི་ཀླད་པ་རྩ་ཆེན་འདི་བེད་མེད་དུ་འཇོག་པ་དང་། རང་གི་སྐྱེ་རབ་དུ་མ་ནས་བག་ཆགས་ཀྱི་བང་མཛོད་ནང་བསགས་པའི་ཤེས་རབ་ཀྱི་གཏེར་སྒམ་རྣམས་ཁ་འབྱེད་རྒྱུའི་ཚབ་ལ་སྒོ་ལྕགས་རྒྱག་པ་ཞིག་རེད།   འདི་ནི་རང་སོ་སོ་ལ་དབང་པོ་རབ་འབྲིང་ཐ་གསུམ་གང་ཡོད་པ་དེ་ཡར་རྒྱས་མི་གཏོང་བར་རང་མ་ཤི་གོང་ནས་རང་གི་ཀ་ལི་ས་ཕོར་ལ་བསྒྱུར་བའི་བྱ་བ་ཞིག་རེད།  དེ་ལྟ་བུའི་སྤྱོད་ཚུལ་ཅན་གྱི་མི་ཡིས་ཁེངས་བའི་སྤྱི་ཚོགས་ཤིག་ལ་ཆགས་སོང་ན།  དེ་ནི་མིས་མགོ་སྐོར་གཏོང་བདེ་བའི་སྤྱི་ཚོགས་ཤིག་དང་།  མིས་ཁ་ལོ་བསྒྱུར་སའི་སྤྱི་ཚོགས་ཤིག་ལ་ལོས་འགྱུར།

ནུབ་ཕྱོགས་ཀྱི་སློབ་གསོའི་ལམ་ལུགས་ནང་གཅིག་ལྟོས་དང་། དོགས་དཔྱོད་ཀྱི་བསམ་བློ་(critical thinking) ཟེར་བ་དེ་སློབ་མ་རྣམས་ལ་སྤྲོད་རྒྱུའི་སློབ་གསོ་ཀུན་གྱི་སྲོག་ཤིང་དེ་ཆགས་ཡོད་ལ།  བྱིས་པ་སྐྱེད་སྲིང་བྱེད་དུས་ཕ་མས་ཀྱང་བསམ་བློའི་སྒོ་མོ་དེ་འདྲ་ཞིག་གི་ཕྱོགས་སུ་བྱིས་པའི་བློ་རིག་སྐུལ་འདེད་བྱེད་ཀྱི་ཡོད། དེ་ནི་མི་ལ་རང་དབང་དང་གསར་བཏོད། བསམ་བློ་གསར་པ་སྐྱེ་སའི་རྨང་གཞི་ཞིག་ཡིན། འདིར་ང་ཚོས་བསམ་གཞིག་ཅིག་བྱེད་དགོས་པ་ཞིག་ལ། ནུབ་ཕྱོགས་སུ་མི་ཞིག་མཁས་པ་ཡིན་མིན་གྱི་ཐག་བཅོད་བྱེད་དུས། མི་དེས་ཤེས་བྱ་དེ་རང་གི་རྣམ་དཔྱོད་ལས་བྱུང་ཡོད་མེད་ལ་གཞི་ལ་འཇོག་པ་དང་། ཇི་ཙམ་གྱིས་གསར་བཏོད་ཀྱི་རང་བཞིན་ལྡན་པ་དེ་ཙམ་གྱིས་རིན་ཐང་ཆེ་བ་འཇོག་གི་ཡོད། ༼འདིར་དགེ་སྐྱོན་གཉིས་མཐོང་གི་ཡོད་པ་ལས་སྐྱོན་དེ་བརྗོད་གཞི་འདི་དང་འབྲེལ་བ་མི་འདུག་པས་མི་འབྲི་༽འོན་ཀྱང་ང་ཚོའི་བོད་མིའི་ཤེས་བྱའི་རིན་ཐང་འཇོག་སྟངས་དེ་མི་དེས་སྔར་གྱི་མཁས་པ་གཞན་ཞིག་གིས་བྲིས་པ་འམ་སྟོན་པའི་གཞུང་ལུགས་སམ་ལྟ་གྲུབ་ཇི་མ་ཇི་བཞིན་ཤེས་དང་མི་ཤེས་ལ་གཞི་འཇོག་གི་འདུག་དྲན། དཔེར་ན་ཐ་སྙད་ཀྱི་ཆ་ནས་ཀྱང་། སློབ་མ་ཞིག་གིས་ཡོན་ཏན་ཡག་པོ་ཤེས་ཡོད་པའི་སྐོར་གླེང་དུས།  དེས་དགེ་རྒན་གྱི་བུམ་པ་གང་བྱོས་ཟེར་བ་དེ་ལྟར་ཚང་མ་ཤེས་ཡོད་མེད་གཞི་ལ་འཇོག་གི་ཡོད་པར་བརྟེན། མི་གཞན་ཞིག་གི་ཅི་ཤེས་པ་དེ་རང་གི་ཀླད་པའི་ནང་ཆ་ཡོངས་སུ་ཚང་བ་ཞིག་ལེན་ཐུབ་ཡོད་མེད་དེ་མཁས་པ་ཡིན་མིན་གྱི་རིན་ཐང་འཇོག་སའི་ཚད་ཅིག་སྔར་ནས་དར་འདུག དེ་ལྟ་བུའི་ཤེས་ཡོན་ལམ་ལུགས་ཀྱིས་སློབ་མ་རྣམས་ཀྱི་རྒྱུད་ལ་བསམ་བློ་གསར་པ་དང་དོགས་དཔྱོད་ཀྱི་རང་གཤིས་བསྐྲུན་རྒྱུ་གཙོ་བཟུང་བྱེད་ཀྱི་མི་འདུག་དྲན།

བསམ་བློ་གསར་པ་ཟེར་བ་དེ་གལ་ཆེན་པོ་ཅི་ཙམ་ཡིན་པ་ཕལ་ཆེར་བོད་རང་གི་ལོ་རྒྱུས་ནང་ཕྱིར་ལྟས་ཤིག་བྱས་ན་རོབ་ཙམ་ཚོད་དཔག་བྱེད་ཐུབ་པ་ཞིག་རེད། དཔེར་ན་དུས་རབ་བདུན་པའི་ནང་རྒྱ་གར་ནས་ནང་ཆོས་བོད་ནང་བསླེབས་པ་དང་བོད་ཀྱི་བཙན་པོའི་སྟོབས་ཤུགས་རྒྱས་པའི་དུས་ཚོད་གཉིས་མཉམ་དུ་ཁེལ་བ་འདི་ཡི་ཐད་ལ་བསམ་ན། སྐབས་དེར་བོད་ནང་སྔར་མེད་ཀྱི་ལྟ་གྲུབ་གསར་པ་དང་བསམ་བློ་གསར་པ་ཞིག་བསླེབས་པ་དེ་དང་བོད་ཀྱི་སྟོབས་ཤུགས་རྒྱས་པའི་བར་ལ་འབྲེལ་བ་ཡོད་པ་སྟོན་གྱི་ཡོད་སྲིད་པ་རེད། དེ་བཞིན་ང་ཚོའི་ཆེས་ཉེ་སའི་དུས་རབ་༢༠ པའི་ནང་བྱུང་བའི་བོད་ནང་གི་གནས་ཚུལ་ཆུང་ཆུང་ཁག་ཅིག་ལ་མནོ་བསམ་གཏོང་བ་ཡིན་ན་ཡང་། ཕྱི་ལོགས་ཀྱི་མི་དང་ཕྱི་ལོགས་ཀྱི་བསམ་བློ་དང་ཐུག་སའི་ས་ཆ་ཁག་གི་མི་རྣམས་ཀྱི་བསམ་བློའི་ནུས་པ་ལ་ཤུགས་རྐྱེན་ཅུང་ཙམ་བྱུང་ཡོད་སྲིད་པའི་གནས་ཚུལ་མཐོང་རྒྱུ་ཡོད། དཔེར་ན་འབའ་ཐང་ལྟ་བུ་ལ་བལྟས་ན། ས་གནས་དེ་དུས་རབ་༢༠ པའི་འགོ་སྟོད་དུ་ཡེ་ཤོས་ཀྱི་ཆོས་སྤེལ་མཁན་ནུབ་ཕྱོགས་པ་འབྱོར་ས་དང་པོའི་གྲས་ཤིག་རེད་ལ། ཁོང་ཚོས་དར་མདོ་དང་འབའ་གཉིས་ཁམས་ཕྱོགས་སུ་ཆོས་སྤེལ་སའི་ལྟེ་གནས་བྱས་འདུག འབའ་བརྒྱུད་ནས་སྨྲ་ཁམས་ལ་ཡེ་ཤོས་ཆོས་སྤེལ་ཡོད་པ་རེད། སྤྱིར་ང་ཚོ་ལ་ཡེ་ཤོས་ཀྱི་ཆོས་ཀྱི་ཕན་ཐོགས་བྱུང་བ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་མེད་དེ། ཡེ་ཤོས་ཆོས་པ་ཚོས་ཁྱེར་ཡོང་བའི་ནུབ་ཕྱོགས་ཀྱི་བསམ་བློ་གསར་པའི་ཐིགས་པ་ཕོག་སའི་ས་ཁུལ་དེ་དག་གི་མིའི་བསམ་བློ་གཏོང་ཕྱོགས་ལ་ཕལ་ཆེར་འགྱུར་བ་ཕྲན་བུ་ཞིག་ཕྱིན་ཡོད་ས་རེད་དྲན་གྱི་ཡོད། ཁམས་ཀྱི་ལུང་པ་ཕལ་ཆེ་བ་མུ་མཐུད་ནས་དུས་ཀྱི་སྐྱ་རེངས་མ་མཐོང་བར་གཉིད་ཁུག་ནས་བསྡད་པའི་སྐབས་སུ་འབའ་ནང་རྒྱ་ནག་ནང་སློབ་གྲྭ་འགྲོ་རྒྱུའི་བསམ་བློ་འགོ་བཙུགས་པ་དང་ཆབ་སྲིད་ཀྱི་བསམ་བློ་གསར་པ་གཏོང་མཁན་རིམ་བཞིན་འགོ་བཙུགས་ཡོད་པ་རེད་ལ། སྨྲ་ཁམས་ནང་ལ་ཡང་འབྲི་ཆུ་ནུབ་བརྒྱུད་ཀྱི་ཁམས་ཁུལ་གཞན་དང་བསྡུར་ན་འབུར་དུ་ཐོན་པའི་བསམ་བློ་གསར་པ་གཏོང་མཁན་བྱུང་ཡོད་ས་རེད་དྲན། དཔེར་ན་མ་ནང་ཨ་ཕོ་ལྟ་བུ་རང་འགུལ་ཐོག་ཉི་ཧོང་ནང་དམག་སྦྱོང་བྱེད་པར་བསྐྱོད་ཡོད་པའི་ལོ་རྒྱུས་འདུག་ལ། ས་སྤོམ་མདའ་དང་གནམ་སྤོམ་མདའ་ཟེར་བའི་སྤོམ་མདའ་ཚང་གི་སྟོབས་ཤུགས་ཀྱང་ཁོང་ཚོའི་བསམ་བློའི་རྒྱ་ཁྱོན་དང་འབྲེལ་བ་ཡོད་ཀྱི་རེད་དྲན། དཔེར་ན་སྤོམ་མདའ་རབ་དགའ་ལྟ་བུ་ལ་མཚོན་ན། རྒྱ་བོད་དབྱིན་གསུམ་གྱི་སྐད་ཡིག་ཤེས་མཁན་ཞིག་ཡིན་ཞིང་།                  སྐབས་དེའི་རྒྱ་ནག་གི་རྒྱལ་ས་ནཱན་ཅིང་དང་རྒྱ་གར་བར་ཐག་འཐག་འཐག་གིས་བསྐོར་ནས་ཚོང་དོན་ལས་བརྒལ་བའི་བྱ་བ་བྱེད་མཁན་ཞིག་ཡིན་པར་བརྟེན་ནས། གུང་མིང་ཏང་གི་མི་སྣས་ཀྱང་མཐོང་ཆེན་བྱེད་དགོས་སའི་མི་ཞིག་ཆགས་ཡོད་པ་འདྲ།

དེ་བཞིན་མདོ་སྨད་ཕྱོགས་སུ་འང་བསམ་བློ་གསར་པ་དང་ཐུག་འཕྲད་བྱུང་རྗེས་མིའི་ནུས་པ་རྒྱས་པའི་དཔེ་མཚོན་ཡོད་རེད་དྲན། དཔེར་ན་ཉི་ཧོང་བརྒྱུད་ནས་རྒྱ་ནག་ནང་ནུབ་ཕྱོགས་ཀྱི་བསམ་བློ་གསར་པ་བསླེབས་ཏེ། རྒྱ་ནག་གོང་མའི་སྲིད་གཞུང་མགོ་རྟིང་བསློགས་ནས་སྤྱི་མཐུན་རྒྱལ་ཁབ་བཙུགས་རྗེས། རིམ་བཞིན་མདོ་སྨད་ཁུལ་དུ་རྒྱ་ནག་གི་གུང་མིང་ཚོགས་པ་དང་འབྲེལ་བ་ཡོད་མཁན་མི་སྣ་ཁག་གཅིག་གཉིད་གང་ཙམ་སད་ཡོད་ས་རེད། དཔེར་ན་བླ་བྲང་བཀྲིས་འཁྱིལ་གྱི་ཨ་ཕ་ཨ་ལོ་ལྟ་བུ་ལ་མཚོན་ན། དམག་ཆེན་གཉིས་པའི་སྐབས་སུ་ཉི་ཧོང་ལ་ཁ་གཏད་བྱེད་ཆེད་གུང་མིང་ཏང་ལ་གནམ་གྲུ་བཅུ་ཚོ་འགའ་ཤས་ཞལ་འདེབས་སྤྲོད་ཐུབ་པའི་སྟོབས་བྱུང་ཡོད་པ་རེད།༼ཕལ་ཆེར་ཡིན་རྒྱུ་གནམ་གྲུ་ཉོ་བྱེད་ཀྱི་མ་དངུལ་སྤྲད་པ་ཡིན་གྱི་རེད་དྲན།༽ དེའི་སྐབས་སུ་གནམ་གྲུ་ཞལ་འདེབས་སྤྲོད་ཟེར་བ་བོད་མི་བྱིངས་ཀྱི་བློ་ཡུལ་ནས་ཧ་ཅང་རྒྱང་ཐག་རིང་བའི་བསམ་བློ་ཞིག་ཡིན་པ་བརྗོད་མི་དགོས་ལ། མང་ཆེ་བའི་གནམ་གྲུ་ཟེར་བ་གོ་ཡང་མྱོང་མེད་ཤས་ཆེ། དཔེ་མཚོན་འདི་ལྟ་བུ་མང་པོ་ཡོད་ཀྱི་རེད་དྲན།  དཔེར་ན་བོད་གཞུང་དགའ་ལྡན་ཕོ་བྲང་གི་མཐོ་རིམ་མི་སྣའི་གྲས་ནས་འབུར་དུ་ཐོན་ནས་ཕྱི་འབྲེལ་གྱི་ལས་དོན་གང་ཙམ་ཆེན་པོ་བྱེད་ཐུབ་མཁན་གཅིག་རྒྱལ་ལོ་དོན་འགྲུབ་རེད། ཁོང་རྒྱ་ནག་ནང་སློབ་སྦྱོང་བྱས་པར་ཁོང་གི་ཀླད་པའི་ནང་བསམ་བློ་གསར་པའི་ཉི་ཐིགས་ཕོག་ཡོད་ཀྱི་རེད་༼འབའ་པ་ཕུན་དབང་ཡང་དེ་ལྟར་རེད།༽ དེ་བཞིན་དུས་ཕྱིས་སུ་བཙན་བྱོལ་ནང་འབྱོར་བའི་བོད་མིའི་གྲས་ནས་རྒྱ་རི་ཉི་མ་འདས་པོ་ལྟ་བུ་ལ་མཚོན་ན་ཡང་རྒྱ་ནག་ནང་སློབ་སྦྱོང་ཏོག་ཙམ་བྱས་མྱོང་བའི་ཁམས་ཕྱོགས་ཀྱི་དཔོན་ཁག་གྲས་ཤིག་རེད་འདུག་པར་བརྟེན། ཁོང་གིས་བཙན་བྱོལ་ནང་རང་གི་བུ་ཕྲུག་རྣམས་གསོ་སྐྱོང་བྱེད་སྟངས་དང་ལས་ཀ་བྱེད་ཕྱོགས་ཐད་ལ་བལྟས་ན་ཡང་སྔ་བསམ་ཕྱི་བློ་གཏོང་རྒྱུར་བོད་མི་བྱིངས་ལས་ཅུང་དྲག་ཡོད་ས་རེད་དྲན།

མདོར་ན་མི་འཕུར་བྱེད་ཀྱི་གཤོག་པ་ཀླད་པའི་ནང་སྐྱེ་དགོས་པ་དང་། ཀླད་པ་ཡི་ནུས་པ་དེ་བསམ་བློ་གསར་པ་དང་དོགས་གཅོད་ཀྱི་རང་གཤིས་ཡོད་པའི་ཐོག་ནས་ཡོང་དགོས་པ་ཞིག་རེད། དེ་ལྟ་བུའི་རྣམ་དཔྱོད་ཀྱི་གཤོག་པའི་སྐལ་བ་མ་ཐོབ་པའམ། ཡང་ན་གུ་དོག་པའི་སྤྱི་ཚོགས་ཀྱི་ཚང་ལས་སྐྱེས་པའི་གཤོག་ཡ་ཅན་གྱི་མི་བྱིའུ་ལ། དྲན་འཁྲུལ་གྱི་རླུང་དམར་གཡོ་བཞིན་པའི་འཛམ་གླིང་འདིའི་སྲིད་ཁམས་ནང་གནམ་འཕང་གཅོད་པའི་སྟོབས་རྩལ་ཕར་ཞོག རང་ཚུགས་བཟུང་བའི་ནུས་པ་ཡང་མེད་པར་རླུང་དམར་གྱིས་ཁ་ལོ་གར་བསྒྱུར་ཆགས་རྒྱུ་ཆོས་ཉིད་རེད་དྲན།

ངོ་མ་བྱས་ན་ང་ཚོའི་ཁ་ཐབས་འདི་ལས་དྲག་ཙམ་དགོས་པ་ཞིག་ཡིན་ཏེ། ང་ཚོའི་ནང་ཆོས་ཀྱི་སྟོན་པ་རང་གི་གསུང་པའི་བཀའ་ལ་དོགས་པ་དང་ཐེ་ཚོམ་བྱེད་ཆོག་པ་མ་ཚད། བྱེད་དགོས་པ་སྟོན་པ་རང་གིས་སྐུལ་འདེད་གནང་ཡོད་པའི་ཆོས་མཐུན་མོང་མ་ཡིན་པ་ཞིག་ཡོད་པ་དང་། བོད་ཀྱི་དགོན་སྡེ་ཁག་ནང་རྒྱ་གར་གྱི་རིགས་ལམ་གྱི་ཉིང་ཁུ་དང་བོད་གངས་ཅན་གྱི་མཁས་པའི་གཙུག་རྒྱན་རྣམས་ཀྱིས་ཤུལ་དུ་བཞག་པའི་རིགས་ལམ་གྱི་མཚོ་མོ་འཁྱིལ་ནས་ཡོད་པ་རེད། རེད་དེ་ད་བར་བོད་དུ་ནང་ཆོས་དར་ནས་དུས་རབ་༡༤ ཡི་རིང་ལ་བོད་ཀྱི་མང་ཚོགས་བྱིངས་ལ་མཚོན་ན། ནང་ཆོས་ལས་བྱུང་བའི་དད་པ་སྟེ། ཀླད་པ་བེད་སྤྱོད་ཆུང་དུ་གཏོང་མཁན་གྱི་ཉམ་ལེན་དེ་མ་གཏོགས་ནང་ཆོས་ནང་ཡོད་པའི་ཀླད་པ་སྤྱང་གྲུང་ཆེ་རུ་གཏོང་བའི་ཤེས་རབ་ཀྱི་སྐལ་བ་དེ་མ་ཐོག་པར་ལུས་འདུག་ཅེས་བརྗོད་ན་དེའི་དཔང་རྟགས་མང་པོ་མཐོང་རྒྱུ་ཡོད་ལ། བར་ལམ་ཇོ་ཁང་མེ་ལ་ཤོར་བཞིན་པ་རང་གི་མིག་གིས་མཐོང་ཡང་། “ཇོ་ཁང་ལ་མེ་ཤོར་མི་འདུག་ཟེར་”ཅེས་བརྗོད་ནས་རང་གི་མིག་ལས་གཞན་གྱི་མགོ་སྐོར་གྱི་སྐད་ཆ་ལ་ཡེད་ཆེས་ཆེ་བ་བྱེད་པའི་གནས་སྟངས་དེ་ཡིས་ཀྱང་དྲན་གསོ་བཏང་ཡོད།  འདི་ནི་དུས་རབ་༡༤ ཡི་རིང་ལ་གངས་ལྗོངས་ཀྱི་འཕེལ་འགྲིབ་ཀྱི་དཔང་པོ་བྱེད་མཁན་དང་བོད་མིའི་ཕྱག་དང་སྨོན་ལམ་གྱི་རྟེན་གཙོ་ཇོ་ཁང་ཡིས་ང་ཚོ་ལ་བཏང་བའི་ཅོང་བརྡ་ཞིག་དང་། ལོ་ངོ་དྲུག་བཅུའི་རིང་བོད་མིའི་ཀླད་པ་གཡོ་ཁྲོའི་ནང་བཙོ་མཁན་གྱི་རྒྱ་ནག་གིས་ང་ཚོ་ལ་བྱས་པའི་ཉམས་ཚོད་གཅིག་ཀྱང་རེད།།

 

Share this:
༡༩༣ ཀློག་གྲངས།