ཚེ་སྲོག་ཤོར་བའི་སྤུན་ཟླ་ཚོ་རྗེས་དྲན་གྱི་ལོ་རུ་སྲུང་བརྩི་ཞུ་རྒྱུ་རེད་འདུག

གཞོན་ལྷན་དྲུང་ཆེ་བསྟན་འཛིན་ལམ་བཟང་གིས་གསུང་དོན། རྒྱ་ནག་དེ་སྟོབས་ཆེན་རྒྱལ་ཁབ་དང་། ཞི་ཅིན་ཕིང་སྲིད་འཛིན་ཆེ་མཐོང་ལྡན་པ་ཞིག་ཆགས་དགོས་ན། བོད་དོན་ཐག་གཅོད་བྱས་ཏེ། སྔོན་མའི་རྒྱ་བོད་བར་གྱི་རྡོ་རིང་ཐོག་གི་ཡི་གེ་རྒྱ་རྒྱ་ཡུལ་ལ་སྐྱིད་བོད་བོད་ཡུལ་སྐྱིད་ཞེས་པ་དེ་ལག་བསྟར་དགོས་པ་དང་། བོད་མི་ཚོས་ང་ཚོ་ཐོག་མར་སྐྱབས་བཅོལ་དུ་ཡོང་བའི་དམིགས་ཡུལ་བརླགས་མི་ཉན་སྐོར་གསུངས་སོང་།

ཟླ་འདིའི་ཚེས་༢ ཉིན་བོད་ཀྱི་གསུམ་བཅུའི་དུས་དྲན་སྐབས་ལས་འགུལ་སྤེལ་ཕྱོགས་སྐོར་ལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་ཀྱི་དགུ་བཅུ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ནས་དྷ་སར་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཡོད་པ་རེད།

གསར་འགོད་གསལ་བསྒྲགས་ནང་། “སྤྱི་ལོ་༢༠༡༨ ཟླ་༣ ཚེས་༡༠ ཉིན་མོ་ནི་སྤྱི་ལོ་༡༩༥༩ ཟླ་བ་༣ ཚེས་༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་བྱས་ནས་ལོ་ངོ་ཧྲིལ་པོ་༥༩ འཁོར་བའི་ཉིན་མོ་ཞིག་ཡིན་པ་དང་། སྤྱི་ལོ་༢༠༡༨ ཟླ་བ་༣ ཚེས་༡༤ ཉིན་མོ་ནི་སྤྱི་ལོ་༢༠༠༨ ལོའི་བོད་མིའི་ས་བྱི་ཞི་རྒོལ་ཆེན་མོར་རྒྱ་དམར་གྱིས་དྲག་གནོན་བྱས་ཏེ་ལོ་ངོ་ཧྲིལ་པོ་༡༠ འཁོར་བའི་ཉིན་ཞིག་ཆགས་ཡོད་པས། འདི་ལོར་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ཐུན་མོང་གིས་གོང་ཞུས་དམིགས་བསལ་དུས་ཚིགས་ཁག་གཉིས་དྲན་གསོ་དང་། དུས་ཚིགས་ཁག་གཉིས་ནང་ཚེ་སྲོག་བློས་གཏོང་གནང་བའི་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྙིང་སྟོབས་དང་བློས་གཏོང་ལ་རྗེས་དྲན་དང་། ཁོང་ཚོའི་དགོས་འདུན་དང་ཕུགས་བསམ་མངོན་འགྱུར་ཡོང་ཆེད་དུ་སྤྱི་ཟླ་༣ ཚེེས་༡༠ ནས་༡༤ བར་བསྟུད་མར་ལས་འགུལ་སྤེལ་རྒྱུ་མ་ཟད། ལོ་གཅིག་ཧྲིལ་པོར་ས་བྱི་ཞི་རྒོལ་ཆེན་མོའི་ལས་འགུལ་དང་སྐབས་དེར་ཚེ་སྲོག་ཤོར་བའི་སྤུན་ཟླ་ཚོ་རྗེས་དྲན་གྱི་ལོ་རུ་སྲུང་བརྩི་ཞུ་རྒྱུ་ཡིན་”ཞེས་འཁོད་འདུག

གསལ་བསྒྲགས་ནང་རྒྱ་ནག་གིས་བོད་ལ་བཙན་འཛུལ་དང་འབྲེལ་ནས་འཁོད་དོན། “དེ་ཡང་དུས་ཡུན་ལོ་ངོ་སྟོང་ཕྲག་དུ་མའི་རིང་འཛམ་གླིང་གི་ཡང་རྩེར་སྟོབས་འབྱོར་མངའ་ཐང་རྒྱས་པའི་བོད་བཙན་པོའི་རྒྱལ་རབས་རིམ་བྱུང་དང་། དེ་རྗེས་བོད་སིལ་བུར་འཐོར་བའི་རྗེས་ནས་རིམ་བཞིན་དགའ་ལྡན་ཕོ་བྲང་གི་སྲིད་གཞུང་བར་འཚེ་མེད་ཞི་བའི་བསྟི་གནས་སུ་ཆགས་པའི་བོད་རྒྱལ་ཁབ་ལ་སྤྱི་ལོ་༡༩༤༩ ལོར་རྒྱ་དམར་དྲག་པོའི་སྲིད་གཞུང་གིས་བཙན་འཛུལ་བྱེད་འགོ་ཚུགས་པ་དང་། སྤྱི་ལོ་༡༩༥༩ ལོར་བོད་ས་ཁྱོན་ཡོངས་དབང་བསྒྱུར་བྱས་ཡོད། སྐབས་དེའི་ལོ་ངོ་བཅུ་ལྷག་གི་དྲག་པོའི་བཙན་འཛུལ་བྱས་པའི་བརྒྱུད་རིམ་ནང་བོད་ཀྱི་དགོན་སྡེ་སྟོང་ཕྲག་གཏོར་བཅོམ་དང་། བླ་སྤྲུལ་གྱིས་གཙོས་བོད་མི་སེར་སྐྱ་རྒན་གཞོན་གྲངས་ལས་འདས་པ་དམར་གསོད། འཛིན་བཟུང། བཙོན་འཇུག མནར་གཅོད་སོགས་ཚད་ལས་འདས་པ་བཏང་ཡོད། ལྷག་པར་དུ་སྤྱི་ལོ་༡༩༥༩ ཟླ་བ་༣ ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་དང་མགོན་སྐྱབས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱཱར་གནོད་པའི་ལས་ངན་རྩོམ་རྩིས་ཀྱིས་༸གོང་ས་མཆོག་རྒྱ་ཡི་དམག་སྒར་ནང་གདན་ཞུའི་འཆར་གཞི་བཏིང་བ་བོད་མི་མང་ནས་ཤེས་རྟོགས་བྱུང་བར་བརྟེན། རྒྱ་དམར་གྱི་ཧམ་སེམས་དང་བཙན་གནོན་ལ་བཟོད་ཐབས་བྲལ་ཏེ་སྤྱི་ལོ་༡༩༥༩ ཟླ་བ་༣ ཚེས་༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་ཆོལ་གསུམ་བོད་མི་ཁྲི་ཚོ་རྒལ་བས་ལྷག་བསམ་དང་སྙིང་སྟོབས་ཆེན་པོས་༸གོང་ས་མཆོག་གི་སྐུ་ཕྱཱར་སྲུང་སྐྱོབ་དང་རྒྱ་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་སྒེར་ལངས་ཀྱིས་༸གོང་ས་མཆོག་སྐུ་ཚེ་བརྟན་པ་དང་། བོད་རང་བཙན་ཡིན། རྒྱ་དམར་བོད་ནས་ཕྱིར་རྒྱུགས་ཤིག་སོགས་ཀྱི་འབོད་ཚིགས་བསྒྲགས་ཡོད་པར། རྒྱ་གཞུང་གི་དམར་དམག་ནས་མེ་མདའ་དང་མེ་སྒྱོགས་ཀྱི་དྲག་ཆར་ཕབས་ཏེ་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་ཡོད་”ཅེས་འཁོད་འདུག

༢༠༠༨ ལོར་བོད་ཀྱི་རྒྱ་རྒོལ་སྐོར་རྒྱ་ནག་གིས་བཙན་གནོན་བྱེད་སྟངས་སྐོར་དང་། “ལོ་དེར་རྒྱ་དམར་གྱི་ཡ་ང་སྙིང་རྗེ་མེད་པའི་དྲག་གནོན་གྱི་འོག་ཏུ་བོད་མི་ཇི་ཙམ་གྱི་ཚེ་སྲོག་ཤོར་བ་དང་འཛིན་བཟུང་བཙོན་འཇུག་བྱས་པའི་གྲངས་ཚད་ནི་འབྲེལ་ཡོད་ཚན་པས་ཞིབ་འཇུག་བྱས་པའི་སྙན་ཐོ་བལྟར་ན།  བོད་མི་༢༢༥  ཡི་ཚེ་སྲོག་ཤོར་ཡོད་པ་དང།   བོད་མི་༦༨༠༠ ལྷག་ཙམ་འཇུ་བཟུང་བྱས་ཡོད་པ།  མི་གྲངས་༥༡༠ ཙམ་ཚད་གཞི་འདྲ་མིན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད་”ཅེས་འཁོད་འདུག

བོད་ཀྱི་རང་སྲེག་རྒྱ་རྒོལ་དང་འབྲེལ་ནས་འཁོད་དོན། “གཞན་ཡང་གཞི་རྒྱ་ཆེ་བའི་ས་བྱི་ཞི་རྒོལ་གྱི་བོད་མིའི་ལས་འགུལ་ལ་རྒྱ་གཞུང་གིས་མི་སྤྱོད་ལས་འདས་པའི་བཙན་གནོན་དང་ཁྲག་དྲི་བྲོ་བའི་དྲག་གནོན་ཤུགས་ཆེར་བྱས་པ་དེ་ནི་བོད་མི་ཡོངས་ཀྱི་སེམས་ཁོངས་ན་ཟུབ་ཐབས་མེད་པའི་ན་ཟུག་ཅིག་ཆགས་ཡོད་པས། བར་མཚམས་མེད་པའི་རྒྱ་གཞུང་གི་སྲིད་ཇུས་དང་དྲང་བདེན་མ་ཡིན་པའི་བྱེད་བབ། ཚད་ལས་འདས་པའི་བཙན་གནོན་བཅས་ལ་བཟོད་ཐབས་བྲལ་ཏེ་སྤྱི་ལོ་༢༠༠༩ ཟླ་བ་༢ ནང་རྒྱལ་གཅེས་དཔའ་བོ་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེ་རུ་བསྲེགས་ཏེ་རང་གི་གཅེས་པའི་ལུས་སྲོག་བློས་གཏོང་གནང་ཡོད་པ་དང་། དེ་རྗེས་རིམ་པས་བོད་ས་སྟོད་སྨད་ཡོངས་སུ་རྒྱ་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་ཀྱི་ཚད་མཐོ་བའི་འཚེ་མེད་ཞི་བའི་ལས་འགུལ་བསྟུད་མར་སྤེལ་ནས་ད་བར་བོད་ནང་ཁྱོན་བོད་མི་ ༡༥༢ ཀྱིས་རང་གི་གཅེས་པའི་ལུས་སྲོག་མེ་རུ་བསྒྲོན་ནས་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་འདི་ནི་ས་ཡི་གོ་ལ་ཧྲིལ་པོའི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་བློས་གཏོང་ཞིག་དང་ཚད་མཐོ་བའི་འཐབ་རྩོད་ཀྱི་ཟིན་ཐོ་ཞིག་ཆགས་ཡོད་”ཅེས་འཁོད་འདུག

“འཐབ་རྩོད་འདི་གཉིས་ནི་བོད་མིའི་ཆིག་སྒྲིལ་གྱི་ནུས་པ་དང་། གོང་བུའི་ནུས་པ། མཐུན་སྒྲིལ་གྱི་ནུས་པ་ཕྱོགས་གཅིག་ལ་སྤུངས་ཏེ་རྒྱ་དམར་གྱི་བཙན་འཛུལ་ལ་ངོ་རྒོལ་བྱས་པའི་གཞི་རྒྱ་ཆེ་ཤོས་ཀྱི་ལས་འགུལ་ཞིག་དང་ཚད་མཐོ་ཤོས་ཀྱི་འཐབ་རྩོད་ཞིག་ཡིན་པས། དུས་དེ་ནས་བཟུང་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ད་བར་ལོ་ངོ་༥༩ རིང་ལོ་ལྟར་སྤྱི་ཟླ་༣ ཚེས་༡༠ ཉིན་གསུམ་བཅུའི་བོད་མིའི་སྒེར་ལངས་དུས་དྲན་སྲུང་བརྩི་ཞུས་དང་ཞུ་མུས་ཡིན་”ཞེས་འཁོད་འདུག

དུས་དྲན་སྐབས་ལས་འགུལ་སྤེལ་ཕྱོགས་འཁོད་དོན། “འདི་ལོ་ནིི་སྤྱི་ལོ་༡༩༥༩ ལོར་གསུམ་བཅུའི་བོད་མིའི་རང་དབང་སྒེར་ལངས་ལས་འགུལ་སྤེལ་ནས་ལོ་ངོ་ཧྲིལ་པོ་༥༩ འཁོར་བའི་ཉིན་མོ་ཞིག་ཡིན་པ་དང་། དེ་བཞིན་སྤྱི་ལོ་༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་ས་བྱི་ཞི་རྒོལ་གྱི་ལས་འགུལ་ཆེན་མོ་སྤེལ་ནས་ལོ་ངོ་ཧྲིལ་པོ་༡༠ འཁོར་བའི་དམིགས་བསལ་གྱི་དུས་ཚིགས་གཅིག་ཆགས་ཡོད་པས། འདི་ག་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ལྔ་ཐུན་མོང་གིས་གལ་གནད་ཆེ་བའི་བོད་མིའི་འཐབ་རྩོད་ཀྱི་དུས་དྲན་འདི་གཉིས་སྲུང་བརྩིའི་ཆེད་དུ། སྤྱི་ལོ་༢༠༡༨ ཟླ་བ་༣ ཚེས་༡༠ ཉིན་བཞུགས་སྒར་ཐེགས་ཆེན་ཆོས་གླིང་གཙུག་ལག་ཁང་ནས་རྡ་ཤོད་ཀ་ཅ་རི་ཉེན་རྟོགས་ཐང་བར་གཞི་རྒྱ་ཆེ་བའི་སྐད་འབོད་ལས་འགུལ་སྤེལ་རྒྱུ་དང་།  སྤྱི་ཚེས་༡༡ ཉིན་བཞུགས་སྒར་རྡ་རམ་ས་ལར་ས་བྱི་ཞི་རྒོལ་ཆེན་མོའི་ལས་འགུལ་དང་འབྲེལ་བའི་དངོས་བྱུང་གློག་བརྙན་གཟིགས་འབུལ་ཞུ་རྒྱུ། སྤྱི་ཚེས་༡༣ ཉིན་བཞུགས་སྒར་རྡ་སའི་མི་མང་ལ་ས་བྱི་ཞི་རྒོལ་གྱི་ལས་འགུལ་དང་འབྲེལ་བའི་གཏམ་བཤད་གོ་སྒྲིག་ཞུ་རྒྱུ། སྤྱི་ཚེས་༡༤ ཉིན་རྒྱ་གར་རྒྱལ་ས་ལྡི་ལིའི་སན་དྷ་སི་ཐལ་(Sandasthal)ནས་ཇན་དྷར་མན་དྷར་(Jantar Mantar) བར་བོད་མིའི་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་”ཞེས་དང་། རྒྱལ་སྤྱིའི་ཐོག་ནས་བོད་དོན་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཡང་ཞུས་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

 

 

Share this:
༡༢༤ ཀློག་གྲངས།