གཟུགས་མེད་གྲིབ་བཟོ།

རྩོམ་ཡིག་དངོས་གཞི།
སྤྱི་ལོ་༢༠༡༡ ལོ་ནི་བཙན་བྱོལ་ནང་བོད་རྒྱ་ཆེའི་མི་དམངས་ཀྱི་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོ་ཡིན་ལ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་རང་འཁྲིའི་ལས་འགན་ཁུར་ཁྱེར་གྱིས་བཀའ་སྤྱི་གཉིས་ཀྱི་འོས་གཞིའི་ས་བོན་སྔོན་ཚུད་ནས་བཏོན་ཡོད། ལྷག་དོན་བཀའ་ཁྲིའི་འོས་གཞི་འདི་གལ་འགངས་ཤིན་ཏུ་ཆེ་བར་ངོས་འཛིན་གྱིན་ཡོད། ྋགོང་ས་མཆོག་གི་བླ་ན་མེད་པའི་དབུ་ཁྲིད་འོག་ང་ཚོར་ཤེས་འཇོན་གཉིས་ལྡན་གྱི་ན་གཞོན་གང་ལ་གང་འཚམས་ཡོད་པ་ནི་གཟི་བརྗིད་དང་སྤོབས་པ་ཡིན།

ལྷག་དོན་ཐེངས་འདིའི་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་བཀའ་ཁྲིའི་འོས་གཞི་ཁག་གཉིས་ཀར། ཚོགས་པའི་འགན་ཁུར་གྱིས་ཐོག་ནས་ཕེབས་དགོས་གཤིས། བཀའ་ཁྲིའི་འོས་གཞི་གཉིས་ཀྱི་མཚན་གནས་རྗེས་འབྲེལ་གྱི་གནས་ཚུལ་ཐོག་ང་ཚོས་གང་ནུས་ཅི་འཇོན་གྱིས་གནས་ཚུལ་འཁོ་སྒྲུབ་བྱེད་ཀྱི་ཡོད། སྐབས་འདིར་དྲ་ཚིགས་ཁག་ཅིག་ནང་ང་ཚོར་དགོས་ངེས་ཅན་གྱི་ལྷག་བསམ་དང་ཤེས་འཇོན་མྱོང་གསུམ་ཡོད་པ། ཕུལ་བྱུང་གི་གཞོན་སྐྱེས་བཀའ་ཁྲིའི་འོས་གཞི། མཁས་དབང་བློ་བཟང་སེང་གེ་ལགས་ཀྱི་སྐོར་དངོས་མིང་ཡིན་མིན་མི་ཤེས་པའི་མི་རེ་ཟུང་གིས། ཁོང་གི་ཧ་ཝར་ཊི་ནང་གི་ལས་གནས་དང་ཤེས་རིག་གི་སློབ་ཡོན་བཅས་ཀྱི་ཐོག་དོགས་འདྲོགས་གནང་གི་ཡོད། སྤྱིར་ན་མི་སུ་ཞིག་ཀྱང་དཀར་ནག་གཉིས་སུ་འབྱེད་པ་ནི་མི་འགྲིགས་ཀྱང༌། གནས་ཚུལ་འདིའི་ཐད་ང་ཚོས་གནས་ཡུལ་དངོས་ནས་འདྲི་རྩད་ཞིབ་ཚགས་བྱས་པ་བརྒྱུད།

ཁོང་ནི་ཨ་རིའི་ཧ་ཝ་ཌེ་གཙུག་ལག་སློབ་གཉེར་ཁང་དུ་ཁྲིམས་ལུགས་སྡེ་ཚན་ནང་ནས་སྤྱི་ལོ་༢༠༠༤ ལོར་ཆེས་མཐོའི་རབས་འབྱམས་པའི་གོ་མིང་བཞེས་ཐོག །ཧ་ཝ་ཌི་སློབ་གྲྭའི་བཀོད་ཁྱབ་འོག་ཧ་ཝ་ཌི་རང་དུ་གླ་ཡོད་ཞིབ་འཇུག་གི་ལས་གནས་དང་ཞར་དུ་ཧ་ཝ་ཌི་ནང་ཨེ་ཤ་ཡ་སྡེ་ཚན་སོགས་སུ་བཀའ་སློབ་དང་གསུང་བཤད་གནང་གི་འདུག དེ་མིན་ཁོང་གི་ས་གནས་ས་ཐོག་ཏུ་རྒྱ་བོད་འབྲེལ་ལམ་སོགས་གལ་ཆེའི་འགྲུབ་འབྲས་དེས་རང་གཞུང་ཆེས་མཐོའི་སློབ་ཡོན་ཚོགས་ཆུང་ནས་སྤྱི་ལོ་༢༠༠༥ ལོར་སྔགས་བརྗོད་དང་བཀོད་མངགས་བཅས་དམིགས་བསལ་ཆོག་མཆན་གནང་ཡོད་པ་མ་ཟད། ཕུལ་བེ་རེཊི་Fullbrightནས་ཀྱང་ཁོང་གི་ཁྱད་ཡོན་ལ་བརྟེན་དམིགས་བསལ་གྱིས་ཆོག་མཆན་སྩལ་འདུག འབྲེལ་ཡོད་དཔང་འཕེར་ཡིག་ཆ་ཚད་ལྡན་རྣམས་ཐོབ་སོང༌། དེས་ན་གོང་གསལ་གྱི་གནས་ཚུལ་ཐོག་ངན་འདོགས་བྱེད་པ་ནི། གཟུགས་མེད་གྲིབ་བཟོ་དང་ཉེས་མེད་ཉེས་འདོགས་བྱས་པ་རང་ཡིན་དུས་རྒྱ་ཆེའི་མང་ཚོགས་དང་ཤེས་ལྡན་པའི་སྡེ་ཚོགས་ནས་ཡིད་གཟབ་མཛོད། གང་ལྟར་ང་ཚོར་དགོས་པ་ནི། ལྷག་བསམ་ཟོལ་མེད་དང་ཤེས་འཇོན་གཉིས་ལྡན། གསར་གཏོད་དང་མདུན་བསྐྱོད་ཀྱི་སྤོབས་པ་མཐོ་ཞིང༌། བློ་རྩེ་གཏན་ལ་བློ་རིག་གི་ནུས་རྩལ་ཡོད་པ་ཞིག་དགོས།།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་ནས། སྤྱི་ལོ་༢༠༡༠ ཟླ་བ་༨ ཚེས་༦ ཉིན།

{jcomments on}

Share this:
༢༩ ཀློག་གྲངས།