དྷ་སར་གད་པ་ཚོས་ལས་མཚམས་བཞག་ནས་ངོ་རྒོལ།

དེང་སྐབས་དྷ་སར་ཁོར་ཡུག་གཙང་བཟོའི་ལས་ཀ་བྱེད་མཁན་ཚོས་གླ་ཆ་དུས་ཐོག་མ་རག་ནས་ལས་མཚམས་འཇོག་པའི་ངོ་རྒོལ་བྱས་པར་བརྟེན། ཉིན་ཤས་རིང་དྷ་སའི་སྲང་ལམ་ཁག་ཏུ་གད་སྙིགས་ཀྱིས་ཁེངས་ནས་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད།

ཟླ་འདིའི་ཚེས་༣ ཉིན་དྷ་སའི་བོད་མིའི་ས་གནས་འགོ་འཛིན་ལ་བཅར་འདྲི་བྱས་པར། ཁོང་གིས་འགྲེལ་བརྗོད་གནང་བ་ལྟར་ན། དྷ་སའི་ཁོར་ཡུག་གཙང་བཟོའི་ལས་ཀ་དེ་༡༩༩༤ ལོར་དྷ་སའི་བོད་མིའི་ས་གནས་འགོ་འཛིན་ལས་ཁང་ནས་འགོ་འཛུགས་བྱས་ཡོད་པ་དང་། ད་ལྟའི་བར་མི་གྲངས་ལ་འཕོ་འགྱུར་ཆེན་པོ་བྱུང་རེད། སྐབས་དེར་དྷ་སར་མི་ཉུང་བ་དང་། མེག་གྷན་གཡས་གཡོན་དུ་སྡོད་མཁན་ཡང་མང་ཆེ་བ་བོད་མི་ཡིན་འདུག ༢༠༠༥ ལོར་རྒྱ་གར་གྱི་གྲོང་སྡེ་ལས་ཁང་ནས་རྒྱ་གར་གཞུང་གིས་ཁོར་ཡུག་གཙང་བཟོའི་ལས་ཀ་དེ། བོད་མིས་བོགས་མར་བླངས་ན་ཡག་པོ་ཡོད་པའི་བསམ་ཚུལ་བཏོན་པ་དང་།  གང་ལྟར་བོད་མི་ཚོས་ཁོོོར་ཡུག་གཙང་བཟོའི་ལས་ཀ་བྱེད་ཀྱི་ཡོད་པས་བོགས་མར་བླངས་འདུག ཁོར་ཡུག་གཙང་བཟོ་ཡག་པོ་བྱུང་ཡོད་ནའང་། དཀའ་ངལ་དེ་ཡོང་སོང་ཁ་མ་འདུམ་ནས་འགྲོ་སོང་ལ་དཀའ་ངལ་འཕྲད་ཡོད་འདུག
༢༠༡༦ ལོ་མཇུག་ནས་ས་གནས་འགོ་འཛིན་ལས་ཁང་ལ་བོགས་མར་བཏང་མཚམས་བཞག་ནས། ཀ་ར་རྫོང་ཁོངས་ཀྱི་ཁོར་ཡུག་གཙང་བཟོའི་ལས་ཀ་ཚང་མ་དྲ་ཐོག་ནས་བོགས་མར་བཏང་འདུག སྐབས་དེར་མུམ་བྷེར་ལྟེ་གནས་བྱས་པའི་ཚོགས་པ་(Vishal Protection Force) དེས་བོགས་མར་བླངས་ཏེ། དྷ་སའི་རྒྱ་གར་གྲོང་སྡེ་ལས་ཁང་འོག་གི་ས་གནས་ཁག་སྡེ་ཚན་དུ་བགོས་ནས་བསྐྱར་དུ་བོགས་མར་བཏང་བ་དང་། ས་གནས་སྡེ་ཚན་གསུམ་བོད་མིའི་ས་གནས་འགོ་འཛིན་ལས་ཁང་ནས་བོགས་མར་བླངས་ཡོད་པ་དང་། ལས་མི་ཚོར་གླ་ཆ་ཐད་ཀར་བོགས་མ་ལེན་མཁན་གྱི་ཚོགས་པ་དེས་སྤྲོད་ཀྱི་ཡོད་འདུག ཡོང་འབབ་ལས་འགྲོ་སོང་ཆེ་བ་འགྲོ་ཡི་ཡོད་པ་དང་། ས་གནས་འགོ་འཛིན་ལས་ཁང་ལ་ཡོང་འབབ་བོད་མི་ཚོའི་ཁོར་ཡུག་ལག་དེབ་དང་། དགོན་སྡེ་དང་ཚོགས་སྡེ་ཁག་གིས་མི་འབོར་ལ་དཔག་པའི་ཁོར་ཡུག་ཆེད་ཅུང་སྤྲོད་ཀྱི་ཡོད་པ། བོད་མིའི་སྒྲིག་འཛུགས་ནས་གནང་བ་ཁག་ཡོང་གི་ཡོད་འདུག ལས་བྱེད་ཀྱི་གླ་ཆ་དང་རླངས་འཁོར་གྱི་སྣུམ་རིན། ཙག་ཙིག་ཡོ་ཆས་སོགས་ཧ་ཅང་འགྲོ་སོང་ཆེ་བ་དང་། དྷ་ས་མེག་གྷན་གཡུས་གཡོན་དུ་ཡུལ་སྐོར་སྤྲོ་འཆམ་པ་མང་དུ་སོང་བ་དང་། ཟ་ཁང་དང་མགྲོན་ཁང་མང་དུ་སོང་གད་སྙིགས་ཧ་ཅང་མང་པོ་ཆགས་པའི་དཀའ་ངལ་ཡོད་འདུག

ཁོར་ཡུག་གཙང་བཟོའི་ལས་ཀ་བོགས་མ་ལེན་མཁན་ཚོགས་པ་དེས་གད་པ་ཚོར་གླ་ཆ་དུས་ཐོག་ཏུ་མ་སྤྲད་པ་དང་། རླངས་འཁོར་བཟོ་བཅོས་ཀྱི་རིན་འབབ་མ་སྤྲད་པར་བརྟེན། དྷ་སའི་གད་པ་ཚང་མས་ངོ་རྒོལ་གྱི་ལས་མཚམས་བཞག་ནས་ཉིན་བཅུ་གྲངས་འགྲོ་ཡི་ཡོད་པ་དང་། དྷ་སའི་ཁྲིམས་ཁང་དུ་ཁྲིམས་གཏུག་ཀྱང་བྱས་ཡོད་པ་རེད།

དྷ་ས་མེག་གྷན་ཕོ་བྲང་གཡུས་གཡོན་དང་སྲང་ལམ་མུ་མཐུད་ས་གནས་འགོ་འཛིན་ལས་ཁང་ནས་གཙང་བཟོ་བྱེད་ཐབས་བྱས་ཡོད་ཀྱང་། གད་པ་ཚོས་ལས་མཚམས་བཞག་ནས་ངོ་རྒོལ་བྱེད་ཀྱི་ཡོད་པས། ཁོང་ཚོས་ཁོང་ཚོར་གླ་ཆ་དུས་ཐོག་དུ་སྤྲོད་པ་དང་། གླ་ཆ་སྤར་ཆ་མ་བཏང་བར་ངོ་རྒོལ་བྱེད་རྒྱུ་ཡིན་པས། ཁོང་ཚོའི་ལས་ཀར་ཐེ་ཇུས་མི་ཆོག་པ་ས་གནས་བདེ་དོན་ལས་ཁང་ལ་ཞུ་གཏུག་བྱས་པར་བརྟེན། ད་ལྟ་ཁོར་ཡུག་གཙང་བཟོ་མ་ཐུབ་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད།

ས་གནས་འགོ་འཛིན་ཟླ་བ་རིན་ཆེན་གྱིས། ཁོར་ཡུག་གཙང་བཟོའི་བོགས་མ་དེ་ས་གནས་འགོ་འཛིན་ལས་ཁང་ནས་བླངས་ན་བདེ་པོ་མི་འདུག་ལ། རྒྱ་གར་ས་གནས་གཞུང་གིས་གང་བྱས་པ་དེར་གཞོག་འདེགས་བྱེད་ཐུབ་ན་ཡག་པོ་ཡོད་པ་ལས། ས་གནས་ཁོར་ཡུག་རྩོག་པ་ཆགས་ཡོང་དུས་བོད་མིར་ཡང་མིང་ཤས་ཆགས་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་སོང་།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Share this:
༢༡༦ ཀློག་གྲངས།