ལ་དྭགས་སུ་ཆུ་ལོག་གནོད་སྐྱོན་ཁྲོད་བོད་མིར་སྲོག་སྐྱོན་བྱུང་མེད།

གསར་འགྱུར་བརྒྱུད་ལམ་ཁག་ཅིག་ནས་གནས་ཚུལ་སྤེལ་བ་ལྟར་ན། ལ་དྭགས་སུ་ཡོད་པའི་བོད་མི་གསུམ་རྐྱེན་ལམ་སོང་བ་དང། མི་གཅིག་གར་སོང་མེད་པར་གྱུར་པའི་གནས་ཚུལ་འདུག་ཀྱང། འདི་ག་གསར་ཁང་ནས་ལ་དྭགས་སུ་གནས་སྡོད་བོད་ཁྱིམ་དགེ་རྒན་ཟུར་པ་ཨ་བརྟན་ལགས་སུ་ཁ་པར་ཐོག་འབྲེལ་བ་བྱས་སྐབས། ཁོང་གིས་བརྗོད་པར། བོད་མི་འདས་གྲོངས་སུ་གྱུར་པའི་གནས་ཚུལ་མི་འདུག འོན་ཀྱང་རླངས་འཁོར་འབབ་ཚུགས་ཆེན་པོ་ཞིག་ལ་གནོད་སྐྱོན་ཆེན་པོ་བྱུང་བ་མ་ཟད། གཞུང་གི་སྨན་ཁང་ནང་དུ་ཆུ་དང་བྱེ་འདམ་འཛུལ་ནས་ནད་པ་སྡོད་ས་མེད་པའི་གནས་ཚུལ་བྱུང་འདུག་ཅེས་འགྲེལ་བརྗོད་བྱས་བྱུང།

 

flood-in-ladakh-305gདེ་བཞིན་བརྒྱུད་ལམ་གཞན་ཁག་ཅིག་ནས་ད་ལྟའི་ཆར་བོད་མི་འདས་གྲོངས་སུ་གྱུར་པའི་གནས་ཚུལ་མེད་པའི་འགྲེལ་བརྗོད་བྱེད་མཁན་ཡང་བྱུང་འདུག འོན་ཀྱང་ལ་དྭགས་རང་གི་ཡུལ་མི་༩༠ དང་༡༠༠ ཡས་མས་ལ་སྲོག་སྐྱོན་བྱུང་བ་དང། མི་༨༨ ཀྱི་ཕུང་པོ་དངོས་སུ་རྙེད་སོན་བྱུང་ཡོད་འདུག་ལ། མི་བཅུ་ཕྲག་ཙམ་གར་སོང་མེད་པར་གྱུར་པ་དང། དེ་བཞིན་མི་༣༠༠ ཙམ་ལ་རྨས་སྐྱོན་བྱུང་བ་དང། གཞུང་གི་ལས་ཁུངས་དང་མི་མང་གི་སྡོད་ཁང་ལ་གནོད་སྐྱོན་བཟོས་ཡོད་པ་རེད། བོད་མིའི་ཁྲོད་ཀྱི་གནོད་སྐྱོན་ཐེབས་ཆེ་ཤོས་ནི་ལྕོག་ལམ་སར་བོད་མིའི་གཞིས་ཆགས་ཀྱི་བརྒྱ་ཤོག་༡༢ པ་ཡིན་པ་དང། བརྒྱ་ཤོག་༡༢ པའི་གཞིས་གྲོང་དུ་མི་ལ་སྲོག་སྐྱོན་བྱུང་བའི་གནས་ཚུལ་མེད་ཀྱང། སྒོ་ཕྱུག་ཁང་པའི་སྦུག་ཏུ་ལུས་ནས་ཕྱིར་བཏོན་མ་ཐུབ་པ་བྱུང་བ་དང། ཁང་པ་ཕལ་ཆེ་བར་གནོད་སྐྱོན་བྱུང་ནས་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་དང། ད་ལྟའི་ཆར་མི་རྣམས་ས་ཆ་སྐམ་པོ་ཡོད་སར་གུར་ཕུབ་ནས་འདུག་དགོས་བྱུང་ཡོད་པ་རེད།

 

གནས་ཚུལ་དེ་བྱུང་རྗེས་རྒྱ་གར་གཞུང་གིས་རོགས་སྐྱོབ་བྱེད་མཁན་དམག་མི་སོགས་མངགས་ཡོད་པ་དང། དེ་བཞིན་དཔལ་འབྱོར་སོགས་ཀྱི་རོགས་སྐྱོར་གནང་རྒྱུ་ཡིན་འདུག དེ་བཞིན་བཙན་བྱོལ་བོད་གཞུང་གི་ངོས་ནས་གནོད་སྐྱོན་བྱུང་བའི་བོད་མི་རྣམས་ཀྱི་གནས་ཚུལ་ཞིབ་ཕྲ་ཤེས་རྗེས་རོགས་སྐྱོར་གྱི་ལས་དོན་སྤེལ་རྒྱུ་ཡིན་པའི་འགྲེལ་བརྗོད་གནང་ཡོད་པ་རེད།།{jcomments on}

Share this:
༦༤ ཀློག་གྲངས།