གྲི་རི་ཧྥི་ཊི་འཁྲབ་གཞུང་དུས་སྟོན་གཉིས་པ།

ཕྱི་ཟླ་༣ ཚེས་༡ ཏེ་རེ་གཟའ་ཕུར་བུའི་ཉིན་ གྲི་རི་ཧྤིཊི་ (d.r.i.f.t) ཞེས་པའི་དྷ་སར་གནས་སྡོད་དང་རྒྱལ་སྤྱིའི་འཁྲབ་གཞུང་དུས་སྟོན་ཞིག་མེ་གྷན་དུ་འགོ་འཛུགས་བྱེད་ཡོད་པ་རེད།

འཁྲབ་སྟོན་གྱི་དུས་སྟོན་འདི་ཕྱི་ཟླ་༣ ཚེས་༡ ནས་༤ བར་འཚོག་རྒྱུ་ཡིན་པ་དང་། དུས་སྟོན་གྱི་ཉིན་བཞིའི་རིང་གཏམ་བརྗོད་དང་། རོལ་དབྱངས། གསར་རྩོམ། ལུས་རྩལ། ལད་མོའི་ཟློས་གར་ལ་སོགས་པའི་རྒྱུ་རྩལ་སྣ་ཚོགས་གོ་སྒྲིག་བྱེད་ཀྱི་ཡོད་པ་རེད།

གྲི་རི་ཧྥི་ཊི་ (d.r.i.f.t) ནི་ དྷི་པོ་ཀི་ཊི་ཀམ་པ་ཎི་ (The Pocket Company) ཡིས་བཀོད་སྒྲིག་བྱས་པ་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་གཙོ་བོ་ནི་ཟློས་གར་འཁྲབ་སྟོན་བརྒྱུད་མི་མང་འདུ་འཛོམས་བྱེད་རྒྱུ་དེ་ཡིན་པ་དང་། དུས་སྟོན་འདིའི་ནང་རྒྱལ་ཁབ་དྲུག་ནས་རྒྱུ་རྩལ་བ་སུམ་བཅུ་ལྷག་ཙམ་མཉམ་ཞུགས་བྱེད་ཡོད་འདུག

དུས་སྟོན་དེའི་འགན་ཁུར་བ་དང་བཀོད་སྒྲིག་པ་གཙོ་བོ་ཎི་རན་ཇི་ནི་ (Niranjini) ལ་གསར་འགོད་པས་དུས་སྟོན་དེའི་དམིགས་ཡུལ་དང་བརྒྱུད་རིམ་བཅས་སྐོར་བཅར་འདྲི་ཞུས་པར། མོས་འགྲེལ་བརྗོད་གནང་དོན། “༡༩༩༨ ནས་ཟུང་གནད་དོན་འདྲ་མིན་ཆེད་དྷ་སར་ཐེངས་མང་ཡོང་བ་ཡིན། ས་གནས་འདི་ཧ་ཅང་སྐྱིད་པོ་འདུག་ལ། གནས་སྡོད་མི་མང་ཚོས་ང་རང་ལ་ཡག་པོ་ཞེ་དྲག་བྱས་སོང་། དེར་བརྟེན་ས་གནས་འདི་དང་གནས་སྡོད་མི་མང་ཚོར་ང་རང་ངོས་ནས་ཕར་ཕན་ཐོགས་རྒྱུ་གང་འདུག་བསམ་བྱུང་བས་ང་རང་གྱི་གདེང་ཚོད་ཐོག་བྱེད་ཐུབ་པ་ནི་འཁྲབ་སྟོན་རྒྱུ་རྩལ་ཡིན་པས། ཐོག་མར་ཕྲུ་གུ་ཆུང་ཆུང་ཚོར་འཁྲབ་སྟོན་ཐོག་ཟབ་སྦྱོང་སྤྲད་དེ་རིམ་པས་རྒྱ་ཆེ་རུ་བཏང་སྟེ་སྤྱི་ཚོགས་ནང་ངག་སྦྱོང་དང་འཁྲབ་གཞུང་ཐོག་ཟབ་སྦྱོང་སོགས་གོ་སྒྲིག་བྱས་ཏེ་༢༠༡༧ ལོར་གྲི་རི་ཕྷི་ཊི་དུས་སྟོན་དང་པོ་དེ་འཚོགས་ཐུབ་པ་བྱུང་སོང་ལ། ད་ལོ་གྲི་རི་ཕྷི་ཊི་ དུས་སྟོན་ཐེངས་གཉིས་པ་དེ་གོ་སྒྲིག་བྱེད་ཐུབ་པ་བྱུང་སོང་། དེང་སྐབས་ང་ཚོ་ཁ་འཐོར་གྱི་འཛམ་གླིང་ཞིག་གི་ནང་གནས་ཡོད་པས་རྒྱབ་ལྗོངས་མི་འདྲ་བའི་མི་རྣམས་སྡིངས་ཆ་གཅིག་ཏུ་མཉམ་ཞུགས་ཡོང་ཐུབ་པ་དེ་གལ་ཆེན་པོར་མཐོང་བྱུང་། འཁྲབ་སྟོན་བརྒྱུད་རྒྱབ་ལྗོངས་དང་རིག་གཞུང་མི་འདྲ་བའི་མི་རྣམས་སྐོང་ཐུབ་པས་དེ་ལས་ལྷག་པ་ཅི་ཡོད་སྙམ།”

དུས་སྟོན་འདིའི་ནང་བོད་དང་བོད་དོན་སྐོར་གླེང་ཡོད་མེད་སྐོར་དྲིས་པར། མོས་“སྤྱིར་ང་རང་གིས་རེ་བ་བྱས་ཡིན་ཏེ། བོད་མི་དེ་ཙམ་མཉམ་ཞུགས་བྱས་མ་སོང་། ཡིན་ནའང་ གྲི་རི་ཧྥི་ཊི་ ཡི་ཚོགས་མིའི་ནང་བོད་མི་མི་ཉུང་བ་ཞིག་ཡོད་པས་ང་རང་ལ་དགའ་ཚོར་ཆེན་པོ་བྱུང་སོང་། བོད་པའི་གནད་དོན་དེ་མ་བརླགས་པར་གསོན་པོར་གནས་ཐུབ་པ་དང་མི་རིགས་གཞན་རྣམས་ལ་བོད་དོན་ཐོག་གོ་རྟོག་འཕེལ་བ་དང་། བོད་མི་རྣམས་ཀྱིས་སོ་སོའི་མྱོང་འཚོར་བཤད་ཐུབ་པར་འཁྲབ་གཞུང་ནི་ལག་ཆ་ལེགས་ཤོས་ཤིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། གྲི་རི་ཧྥི་ཊི་ཡི་འཁྲབ་གཞུང་ཟབ་སྦྱོང་བརྒྱུད་བྱུང་བའི་སེམས་འགུལ་ཧ་ཅང་སྐྲུན་ཐུབ་པའི་འཁྲབ་སྟོན་ནི་མེར་སྲེག་ (Burn) ཞེས་པ་དེ་ཡིན། མེར་སྲེག་ཞེས་པའི་འཁྲབ་སྟོན་འདི་ནི་བསྟན་འཛིན་ལེགས་སྨོན་དང་བསྟན་འཛིན་ཚེ་རིང་གཉིས་ཀྱིས་ལོ་སྔོན་མར་འཚོགས་པའི་ཟབ་སྦྱོང་ཞིག་ཏུ་རང་ལུས་མེར་སྲེག་ཐོག་དྲིས་པའི་འཁྲབ་སྟོན་ཞིག་རེད། ད་ལོའི་དུས་སྟོན་གྱི་ཉིན་དང་པོར་འཁྲབ་སྟོན་ཐུང་ཐུང་ལྔ་བསྟན་ཡོད་པའི་ནང་ནས་གཅིག་མེར་སྲེག་སྐོར་དེ་བསྟན་ཡོད་པ་དང་འཁྲབ་སྟོན་འདི་ཚོའི་ནང་བོད་མི་ལྔ་མཉམ་ཞུགས་བྱས་ཡོད་པ་རེད། བོད་པའི་སློབ་གྲྭ་ཁག་ཏུ་འཁྲབ་གཞུང་སློབ་ཚན་བཞིན་དུ་སླབས་པ་ཡིན་ན་ནུས་པ་ཆེན་པོ་ཐོན་གྱི་རེད་བསམ་གྱི་འདུག” ཅེས་གསུངས་སོང་།

གྲི་རི་ཧྥི་ཊི་ཡི་ཚོགས་མི་རྣམས་ཀྱིས་ལོ་ཧྲིལ་བོ་རིང་ཟབ་སྦྱོང་འདྲ་མིན་དང་འཁྲབ་གཞུང་། ངག་སྦྱོང་། ཉམས་འགྱུར། དེ་ལས་ལྷག་སློབ་གྲྭའི་བསླབ་གཞི་དག་ལ་མ་ཚུད་པའི་བྱ་འགུལ་མང་དག་ཅིག་བོད་ཕྲུག་ཁྱིམ་སྡེ་སློབ་གྲྭ་ཁག་དང་དབུས་མཐོ་འབྲིང་སློབ་གྲྭ་ཁག གྷམ་རུ་ས་གནས་སློབ་གྲྭ་ཁག་སོགས་སུ་སྤེལ་ཡོད་པ་རེད། དེ་མཚུངས་སུ། རྒྱུན་ཏུ་དབྱིན་ཡིག་དང་ཧིན་རྡི། བོད་ཡིག་ཐོག་མི་མང་འདུ་འཛོམས་ཆེ་ས་སྟེ་མེ་གྷན་དང་རྡ་སའི་ཇ་ཁང་དང་ཟ་ཁང་སོགས་ཀྱི་ནང་རང་མོས་ཀྱིས་དེབ་ཀློག་རྒྱུའི་བྱ་འགུལ་ཡང་སྤེལ་བཞིན་ཡོད་པ་རེད།།
གསར་འགོད་པ་བསྟན་འཛིན་དགའ་འཕེལ།

Share this:
༢༣༦ ཀློག་གྲངས།