དགྲ་དང་གཉེན་ནོར་མི་རུང་།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༨༨ ཕྱི་ལོ་ ༢༠༡༨/༢ /༢༨

ཉེ་ཆར་ཕྱི་ཟླ་༢ ཚེས་༧ ཉིན་བོད་ལྗོངས་སྤྱི་བདེ་ཐིང་ཟེར་བས་“ནག་ཚོགས་སྟོབས་ཤུགས་ཀྱི་ཉེས་གསོག་གྱོད་གཞིའི་ཁུངས་སྣེ་ཐེར་འདོན་བྱེད་དགོས་རྒྱུའི་སྐོར་གྱི་ལྗོངས་སྤྱི་བདེ་ཐིང་གི་བརྡ་ཁྱབ།”ཟེར་བ་བཀྲམ་ཡོད་པ་དང་། ཡིག་ཆ་དེ་ལྟ་བུ་ཞིག་འགྲེམས་སྤེལ་དགོས་པའི་རྒྱབ་ལྗོངས་གཙོ་བོ་ནི། “༢༠༡༨ ལོའི་ཟླ་བ་དང་པོའི་ཚེས་༡༡ ཉིན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཁྱོན་ལ་བཏང་བའི་ནག་སེལ་གཤེད་གཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོའི་དགོངས་དོན་གཞིར་བཟུང་།  ནག་སེལ་གཤེད་གཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྤེལ་ནས་མི་དམངས་བདེ་སྡོད་ལས་ཞེན་ཡོང་བ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་འགན་སྲུང་།  རྒྱལ་ཁབ་ཡུན་རིང་བདེ་འཁོད་མངོན་འགྱུར་བཅས་ཡོང་བ་བྱ་ཆེད།”དུ་ཡིན་ཚུལ་བཀོད་འདུག རྩ་བས་རྒྱ་དམར་དྲག་པོའི་གཞུང་གིས་དུས་རྒྱུན་བོད་ཀྱི་གནད་དོན་ལ་འཁྱོག་བཤད་དང་ཧམ་བཤད་འབའ་ཞིག་བྱེད་བཞིན་པ་རྒྱུན་ལྡན་ལས་དམིགས་བསལ་ཞིག་མིན་ནའང་། ད་ལན་དོ་སྣང་བྱེད་དགོས་པའི་གནས་ཚུལ་ཡང་འདུག་པས་འདིའི་སྐོར་གླེང་འདོད་བྱུང་།

ཧམ་བཤད་ཀྱི་ཡིག་ཆ་དེའི་ནང་དུ་དོན་ཚན་༢༢ ཡོད་པ་དང་། ཡིག་ཆ་དེའི་དོན་ཚན་དང་པོ་གསུམ་ཐད་ཀར་བོད་དོན་ཆབ་སྲིད་དང་ཐད་འབྲེལ་ཡོད་པ་ཞིག་ཏུ་གྱུར་འདུག་པས་ཆ་ཚང་འདིར་དྲངས་ན། “༡ ཆབ་སྲིད་བདེ་འཇགས་དང་ལྷག་པར་དུ་སྲིད་དབང་གི་བདེ་འཇགས་དང་ལམ་ལུགས་ཀྱི་བདེ་འཇགས་བཅས་ལ་ཉེན་ཁ་བཟོ་བ།  དེ་བཞིན་ཆབ་སྲིད་ཁྱབ་ཁོངས་ནང་སིམ་འཛུལ་བྱེད་མཁན་གྱི་ནགས་ཚོགས་སྟོབས་ཤུགས། ༢ ཏཱ་ལའི་རུ་ཚོགས་དབར་ཕན་ཚུན་ངན་འབྲེལ་བྱེད་པ་དང་རྒྱང་རིང་ཚོད་འཛིན་བཀོད་འདོམས་དང་ལེན་བྱེད་མཁན།  ཁ་ཕྲལ་གཏོར་བཤིག་བྱེད་སྒོའི་ནང་ཐེ་ཞུགས་དང་གཏོར་བཤིག་བྱེད་སྒོའི་ནང་ཞུགས་མཁན་ནག་ཚོགས་སྟོབས་ཤུགས། ༣ དགོན་སྡེ་རྒྱབ་རྟེན་དུ་བྱས་ནས་ཆོས་ལུགས་སྤྱད་དེ་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་ཁ་གཏད་དུ་ལངས་རྒྱུར་མགོ་སྐོར་སླུ་བྲིད་དང་ངན་སྐུལ་བྱེད་མཁན།  གཞི་རིམ་སྲིད་འཛིན་དང་ཁྲིམས་འཛིན།  སློབ་གསོ་སོགས་ཀྱི་ལས་དོན་ལ་འགོག་རྐྱེན་བཟོ་མཁན་གྱི་ནག་ཚོགས་སྟོབས་ཤུགས།”ཞེས་རྒྱ་གཞུང་གི་སྲིད་བྱུས་དང་ལྟ་སྟངས་ཁ་གསལ་པོའི་ཐོག་ནས་བཀོད་འདུག

གནད་དོན་འདི་དག་གི་ཐོག་ནས་བལྟས་ན་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་རྒྱ་གཞུང་ལ་གནོད་པའི་ཤུགས་རྐྱེན་མེད་པ་ཞིག་གཏན་ནས་རེད་མི་འདུག་ཅིང་། རྒྱ་གཞུང་གི་དོ་སྣང་བྱེད་སྟངས་འདིའི་ཐོག་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཡོད་པར་ངོས་འཛིན་བྱས་འདུག དེར་བརྟེན་རྒྱ་གཞུང་གིས་བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་ཤུགས་རྐྱེན་མེད་ཚུལ་དང་ནུས་པ་མེད་ཚུལ་ཡུན་ནན་དུ་འཚོགས་པའི་བོད་དོན་སྐོར་གྱི་ཚོགས་འདུ་ཟེར་བའི་ཐག་གཅོད་དུ་འཁོད་ཚུལ་དེ་ཡང་། ཁ་ཙམ་ལས་དོན་དུ་དེ་ལྟ་བུར་ངོས་འཛིན་བྱེད་ཀྱི་མེད་པ་གསལ་པོར་གྱུར་པ་རེད། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གི་མིང་སྟོང་པ་ཙམ་གྱི་དབང་ཆའི་འཐབ་རྩོད་ལ་མགོ་འཁོར་ནས་སྡོད་པ་ལས། ཕྱིའི་བོད་དོན་འཐབ་རྩོད་ཀྱི་ཐོག་ལ་རེ་བ་ཉམས་བཞིན་པ་དང་། ནུས་པ་འདོན་གྱི་མེད་པ་མ་གཏོགས། དགྲ་ཕྱོགས་ནས་ངོས་འཛིན་བྱེད་སྟངས་ལྟར་ན་རེ་བ་དང་ནུས་པ་མེད་པ་ཞིག་མིན་ཚོད་རེད། ད་ལན་གྱི་གནས་ཚུལ་འདི་དག་གི་ཐོག་ནས་བསམ་བློ་གཏོང་དགོས་པ་དང་གྲ་སྒྲིག་བྱེད་དགོས་པ་དེ་གལ་ཆེན་པོར་གྱུར་ཡོད།

ཧམ་བཤད་ཀྱི་བསྒྲགས་ཡིག་དེའི་ནང་དུ་འཁོད་པའི་དོན་ཚན་བཞི་པ་དང་། ལྔ་པ། དྲུག་པ་བཅས་ཀྱང་གནད་དོན་འདི་དག་དང་འབྲེལ་བ་ཡོད་པ་འབའ་ཞིག་ཏུ་གྱུར་ཡོད་པས། རྒྱ་དམར་དྲག་གཞུང་གི་ངོས་ནས་བོད་ནང་གི་འགུལ་སྐྱོད་ཡོངས་རྫོགས་དམ་དྲག་དང་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་བའི་ངན་འཆར་འབའ་ཞིག་ཏུ་གྱུར་ཡོད་པས། རྒྱ་དམར་དྲག་གཞུང་གིས་ཕུགས་རྒྱང་རིང་པོའི་ཐོག་ནས་བོད་ལ་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་འདི་དག་གསལ་པོ་མཐོང་བའི་ཚེ། བཙན་བྱོལ་བོད་པའི་ངོས་ནས་ཀྱང་ནང་ཁུལ་གྱི་གཞི་རྩ་མེད་པའི་རྩོད་རྙོག་ཆུང་ཙག་རིགས་རྩལ་དུ་བཏོན་ནས་དུས་ཚོད་སྐྱེལ་བ་ལས། རྩོད་པ་རྒྱག་སའི་ཁ་ཕྱོགས་ནོར་མི་རུང་བར། དགྲ་ཤར་དུ་བཞག གཏོར་མ་ནུབ་ལ་འཕངས་པའི་དཔེ་བཞིན་བྱས་ན་ཁ་ཕྱོགས་ཡོངས་སུ་ནོར་བ་ཞིག་ཏུ་གྱུར་ཡོད། རྒྱལ་ཁབ་དང་མི་རིགས། ཚོགས་སྡེ་ཁག སྐྱབས་བཅོལ་བ། མི་སྒེར་སོགས་གཅིག་མཚུངས་མ་ཡིན་པར་ནུས་པ་དང་ཤུགས་རྐྱེན་ཆེ་ཆུང་སྣ་ཚོགས་ཡོད་ནའང་། གང་བྱེད་དགོས་པའི་ཁ་ཕྱོགས་ནོར་མི་རུང་བ་དེ་ནི་ནུས་ཤུགས་ཀྱི་འབྱུང་ཁུངས་གཙོ་བོར་གྱུར་ཡོད།

མདོར་བསྡུས་ན་བཙན་བྱོལ་བོད་པའི་སྤྱི་ཚོགས་དང་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་པ་དག་ནི་ལས་འགུལ་གྱི་སྣེ་ཁྲིད་པ་ཙམ་ཞིག་ཡིན་པ་ལས། དབང་ཆ་དང་གོ་གནས་ཆེན་པོ་ཡོད་པ་ཞིག་མིན་པ་དང་། དེ་བཞིན་མཐོ་རིམ་དུ་རློམ་པའི་ལས་གནས་ཚང་མའི་འགོ་ཁྲིད་པ་དག་ནི་བོད་མི་རིགས་ཀྱི་མ་འོངས་པའི་ཆེད་དུ་འཐབ་རྩོད་བྱེད་མཁན་གྱི་ལས་འགུལ་བའི་དཔུང་ཁག་ཅིག་ཡིན་པ་ལ་ཡིན་པར་ཤེས་པའི་ངེས་ཤེས་དེ་གསལ་པོ་ཡོད་དགོས། ད་ལྟ་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་ཟིང་ཆ་ཆེ་ཆུང་ཚང་མ་རྒྱུ་མཚན་དང་རྒྱབ་ལྗོངས་འདིའི་ཐོག་ནས་ཡོང་གི་ཡོད་པ་དང་། ལས་ཀྱི་སྣེ་མོ་བ་རྣམས་ལ་རང་ཉིད་སྐྱབས་བཅོལ་བ་ཞིག་དང་འཐབ་རྩོད་པ་ཞིག་ཡིན་སྙམ་པའི་བསམ་བློ་དེ་ཡོད་ན་གནས་ཚུལ་འདི་ལྟ་བུ་གཏན་ནས་ཡོང་མི་སྲིད་ལ། ལྷག་པར་དུ་ཕྱི་ལོ་༡༩༥༩ ལོའི་ཕྱི་ཟླ་༣ ཚེས་༡༠ ཉིན་ལྷ་ས་རུ་ཞི་བའི་ཡར་ལངས་ཆེན་པོ་བྱས་ནས་མི་ལོ་ཧྲིལ་པོ་༥༩ འཁོར་ལ་ཉེ་བའི་བརྒྱུད་རིམ་ལ་ཕྱི་མིག་ཅིག་བལྟས་ན། ང་ཚོ་ལ་མངོན་པའི་ང་རྒྱལ་སྐྱེ་དགོས་པའི་རྒྱུ་མཚན་གང་ཡང་མེད་པ་དེ་གསལ་པོ་ཤེས་ཐུབ་པ་ཞིག་ཏུ་གྱུར་ཡོད།།

Share this:
༡༦༦ ཀློག་གྲངས།