རྒྱ་ནག་གི་ཚོགས་ཆེན་ཐོག་འཐུས་མི་བོད་པ་ཞིག་གི་འབོད་སྐུལ།

བོད་ཀྱི་གཞས་མ་འགོ་བ་རྒྱ་མོ་སྐྱིད་ཀྱིས་བོད་རིགས་ཡོངས་རྫོགས་ཁ་བྲལ་རིང་ལུགས་པར་བརྩིས་ནས་སྲིད་ཇུས་ལག་བསྟར་བྱེད་མི་རུང་བའི་སྐོར་སོགས་རྒྱ་ནག་གི་ཆབ་སྲིད་གྲོས་མོལ་ཚོགས་ཆེན་གྱི་ཚོགས་ཆུང་ཞིག་གི་ཐོག་བརྗོད་ཡོད་འདུག

རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༦ ཉིན་རྒྱ་ནག་གི་དམག་གཞས་གཏོང་མཁན་གླུ་མ་འགོ་བ་རྒྱ་མོ་སྐྱིད་ཀྱིས། རྒྱ་ནག་གི་ཆབ་སྲིད་གྲོས་མོལ་ཚོགས་ཆེན་གྱི་ཚོགས་ཆུང་ཞིག་གི་སྟེང་གཏམ་བཤད་བྱས་སྐབས་བོད་པ་ཡོངས་རྫོགས་ཁ་བྲལ་བར་ངོས་འཛིན་བྱེད་མཚམས་འཇོག་དགོས་སྐོར་བརྗོད་ཡོད་འདུག

དེ་ཡང་མོས་སྐབས་དེར་རྒྱ་ནག་གི་དབང་འཛིན་པ་ཚོས་བོད་རིགས་གྲངས་ཉུང་མི་རིགས་ལ་དབྱེ་འབྱེད་བྱེད་པ་དེ་ནི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་གཏོར་བརླག་གཏོང་བྱེད་ཅིག་ཡིན་པ་དང་། བོད་རིགས་ཡོངས་རྫོགས་ཁ་བྲལ་རིང་ལུགས་པར་བརྩིས་ནས་སྲིད་ཇུས་ལག་བསྟར་བྱེད་མི་རུང་བ་བཅས་བརྗོད་ཡོད་འདུག་པ་མ་ཟད། མོ་རང་སྒེར་གྱི་ཉམས་མྱོང་དང་འབྲེལ་ནས་བོད་རིགས་རྣམས་ལ་མི་རིགས་དབྱེ་འབྱེད་ཀྱི་མནར་གཅོད་གཏོང་བཞིན་པའི་སྐོར་བརྗོད་དོན་དུ། “སྔོན་མ་ཐེངས་གཅིག་ངས་འཁྲབ་སྟོན་རུ་ཁག་ཅིག་གི་སྣེ་ཁྲིད་དེ་པེ་ཅིང་ལ་འཁྲབ་སྟོན་བྱེད་དུ་སོང་དུས། འཁྲབ་སྟོན་པ་ཚང་མ་མགྲོན་ཁང་དུ་སོང་ཡང་། ང་གཅིག་པུ་མགྲོན་ཁང་དུ་འཛུལ་མ་བཅུག་པ་རེད། དེའི་རྒྱུ་མཚན་ནི་ང་བོད་པ་ཡིན་པའི་རྐྱེན་གྱིས་རེད།”ཅེས་དང་།“སྐབས་དེར་ངས་རང་ཉིད་རྒྱ་ནག་གི་ཆབ་སྲིད་གྲོས་མོལ་ཚོགས་ཆེན་གྱི་འཐུས་མི་ཡིན་པའི་ལག་འཁྱེར་དང་། དམག་མིའི་ལག་འཁྱེར་བཅས་བསྟན་ཡོད་ཀྱང་། མགྲོན་ཁང་དུ་སྡོད་བཅུག་མ་བྱུང་། མཐར་རང་གི་གྲོགས་པོའི་སར་མ་སྡོད་དཀའ་མེད་བྱུང་”ཞེས་བརྗོད་ཡོད་འདུག

འགོ་བ་རྒྱ་མོ་སྐྱིད་ནི་མདོ་སྨད་མགོ་ལོག་རྨ་ཆེན་ས་ཁུལ་དུ་སྐྱེས་པ་དང་། ཁྲིན་ཏུའུ་དམག་སྒར་ཟློས་གར་ཚོགས་པའི་འགན་འཛིན་གཞོན་པ་དང་། རྒྱ་ནག་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་ཞིག་ཡིན་པ་མ་ཟད། ད་ལྟ་རྒྱ་ནག་གི་ཆབ་སྲིད་གྲོས་མོལ་ཚོགས་ཆེན་གྱི་འཐུས་མི་ཡིན་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༢༦༢ ཀློག་གྲངས།