ཕྱི་ཟླ་གསུམ་པར་གཟའ་ཉི་མའི་གུང་སེང་མི་འདུག

རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ནས། ༡༩༥༩ ལོའི་ཕྱི་ཟླ་༣ ཚེས་༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་མི་མང་སྒེར་ལངས་བྱས་ཏེ། རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་བྱས་ཡོད་པར་བརྟེན། རྒྱ་ནག་གིས་ཕྱི་ཟླ་༣ པར་དམིགས་བསལ་དམ་དྲག་བྱེད་ཀྱི་ཡོད་པ་རེད།

དེ་ནས་བཟུང་བོད་མི་ཚོས་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་ལས་འགུལ་རྒྱུན་ཆད་མྱོང་མེད་པ་དང་། སྒོས་སུ་ཕྱི་ཟླ་༣ པའི་ནང་བོད་ཀྱི་ས་གནས་མང་པོ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་ཤུགས་ཆེན་ཡོང་གི་ཡོད་པ་རེད། ཟླ་འདིའི་ཚེས་༨ ཉིན་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། དཀར་མཛེས་ཁུལ་གྱི་རྫོང་ཁག་རེ་ཟུང་ནང་ཕྱི་ཟླ་གསུམ་པའི་ནང་གཞུང་གི་ལས་བྱེད་སུ་གཅིག་ལ་གཟའ་ཉི་མར་ཡང་གུང་སེང་མེད་པར་ལས་ཞུགས་བྱེད་དགོས་ཀྱི་ཡོད་པ་དང་། དེ་ནི་བོད་ཀྱི་ས་གནས་མང་པོར་ལག་བསྟར་བྱེད་ཀྱི་ཡོད་སྲིད་པ་ཞིག་ཡིན་པ་མ་ཟད། ཕྱི་ཟླ་༣ པའི་ནང་བོད་ཀྱི་ངོ་རྒོལ་ལས་འགུལ་དྲག་གནོན་དམ་དྲག་གྲ་སྒྲིག་བྱས་པ་ཞིག་ཡིན་པ་རེད། བོད་ཚེས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ནས་བཟུང་མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་ཁག་གཙོས་མི་མང་འདུ་འཛོམས་ཆེ་བའི་ས་གནས་གང་སར་རྒྱ་ནག་གཞུང་གིས་དམག་མི་སྔར་ལས་མང་བ་ཁ་སྣོན་བྱས་ཏེ། ཕྱི་ཟླ་གསུམ་པའི་ནང་ཧ་ཅང་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

༢༠༠༨ ལོའི་ཕྱི་ཟླ་༣ ཚེས་༡༠ ཉིན་འགོ་འཛུགས་ཀྱིས་ལོ་དེར་བོད་ཀྱི་ས་གནས་ཚང་མ་ནས་ས་བྱི་ཞི་རྒོལ་ཆེན་མོ་ཞེས་མི་མང་གི་རྒྱ་གཞུང་ལ་ངོ་རྒོལ་ཤུགས་ཆེ་ཤོས་དེ་བྱུང་ཡོད་པ་དང་། འདི་ལོའི་ཕྱི་ཟླ་༣ ཚེས་༧ ཉིན་ཨ་མདོ་རྔ་བའི་འབྲོག་སྡེ་རྨེའུ་རུ་མའི་རུ་ཆེན་ལྔ་པའི་ཚེ་ཁོ་(ཡོངས་གྲགས་ཀྱི་མིང་ནི་ཚེ་ཁོ་སྟུག་ཆགས་)ལགས་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་ནག་གིས་བོད་དབང་བསྒྱུར་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Share this:
༢༦ ཀློག་གྲངས།