རྒྱ་ནག་སྟོབས་ཤུགས་ག་ཚོད་ཆེ་ཡང་འཛམ་གླིང་གི་ཆ་ཤས་ཤིག་རེད།

ཟླ་འདིའི་ཚེས་༨ ཉིན་༧གོང་ས་མཆོག་ལྡི་ལི་གཙུག་ལག་སློབ་ཁང་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཆིབས་སྒྱུར་གནང་ཞིང། ཚེས་༩ ཉིན་སློབ་གྲྭ་དེར་མི་ཚེའི་གོ་དོན་སྙིང་པོ་གང་ཡིན་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་ཡོད་པ་རེད།

༧གོང་ས་མཆོག་གིས་བཀའ་གནང་དོན། སྤྱིར་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ཞིག་ཡིན་ནའང་། འགྲོ་བ་མིའི་རིགས་ལ་ལྡན་པའི་དམིགས་བསལ་གྱི་ཤེས་རབ་དེས་ལེགས་ཉེས་དབྱེ་འབྱེད་ཐུབ་ཀྱི་ཡོད་སྟབས་རྣམ་དཔྱོད་དེ་བཟང་པོའི་ཕྱོགས་སུ་བེད་སྤྱོད་བྱེད་དགོས་པ་དང། མིའི་རྣམ་དཔྱོད་དེའི་དབང་གིས་རང་ཉིད་ལ་བདེ་བ་འདོད་པའི་ཆེད་དུ་ཆོས་ལུགས་འདྲ་མིན་ཁག་དང་ཆོས་རྩ་བ་ནས་ཁས་མི་ལེན་པ་སོགས་ཀྱི་ལྟ་གྲུབ་འདྲ་མིན་ཡོད་པ་དེ་དག་ཀྱང་བདེ་བ་འདོད་པ་གཅིག་གྱུར་རེད། ལྷག་པར་དུ་འཛམ་གླིང་ནང་ཚན་རིག་གི་ལམ་ནས་འཕྲུུལ་ཆས་དང་དངོས་པོ་ཡར་རྒྱས་སོགས་བསམ་ཡུལ་ལས་འདས་པ་ཕྱིན་ཡོད་པ་དེ་དག་ཀྱང་འགྲོ་བ་མིའི་བདེ་སྐྱིད་ཀྱི་ཆེད་དུ་རེད་ཅེེས་སོགས་གསུངས་འདུག

བཀའ་སློབ་ཚར་བའི་རྗེས་སུ་དྲི་བ་དྲིས་ལན་སྐབས་སུ་༧གོང་ས་མཆོག་གིས་བཀའ་ལན་གནང་དོན།  གལ་སྲིད་ང་ཚོས་ཞི་བདེ་དང་ལྡན་པའི་འཛམ་གླིང་འདོད་ཀྱི་ཡོད་པ་ཡིན་ན། ནུས་པ་ཐོན་པ་དང་ལག་ལེན་དུ་འགེལ་རྒྱུ་ཡོད་པའི་ཐབས་ལམ་བེད་སྤྱོད་གཏོང་རྒྱུ་གལ་ཆེན་པོ་རེད། རྙོག་གྲ་དེ་ཚོར་གདོང་ལེན་བྱེད་པའི་སྐབས་སུ་དམག་དཔུང་བེད་སྤྱོད་བྱེད་རྒྱུ་ཡོད་མ་རེད། ཞི་མོལ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། བོད་ཀྱི་གནད་དོན་ལ་མཚོན་ན་རྒྱ་ནག་གཞུང་དང་འཐབ་འཁྲུག་བྱེད་རྒྱུ་མིན་པའི་དམ་བཅའ་བརྟན་པོ་ཡོད། འོན་ཀྱང་རྒྱ་ནག་ལ་བཏོན་པའི་རེ་འདུན་ནི། བོད་དེ་ལོ་རྒྱུས་ཐོག་རང་བཙན་རྒྱལ་ཁབ་ཅིག་ཡིན་ཡང། ད་སྐབས་རང་བཙན་རྩོད་ཀྱི་མེད་ཅེས་གསུངས་འདུག

ཡང་བཀའ་ལན་གཞན་ཞིག་གི་ནང་དུ། ང་ཚོའི་བསམ་བློ་གཏོང་ས་གཙོ་བོ་དེ་རིན་ཐང་ཅན་གྱི་ནང་ཆོས་ཀྱི་རིག་གཞུང་དེ་རེད། ངས་ནམ་རྒྱུན་ནས་ནང་པའི་རིག་གཞུང་དང། ནང་པའི་ཆོས་གཉིས་དབྱེ་བ་འབྱེད་ཀྱི་ཡོད། ནང་ཆོས་དེ་ནང་པ་རྣམས་ཀྱི་ཆེད་དུ་རེད། ནང་ཆོས་དང་འབྲེལ་བའི་རིག་པའི་གཞུང་ལུགས་དེ་སྤྱི་ཚོགས་སྤྱིའི་དགོས་མཁོ་ཞིག་རེད། ངས་དེ་སྔོན་རྒྱ་ནག་སྐམ་ས་ཆེན་མོ་ནས་ཡོང་བའི་རྒྱ་རིགས་འགའ་ཞིག་དང་ཐུག་འཕྲད་བྱས་པ་ཡིན། ཁོང་ཚོས་རྒྱ་ནག་གི་གནའ་བོའི་རིག་གཞུང་བརླག་འགྲོ་ཡི་འདུག་ཅེས་མིག་ཆུ་བཏང་ནས་བཤད་ཀྱི་འདུག ཁོང་ཚོས་མིའི་བཟང་སྤྱོད་ལ་དོ་སྣང་བྱེད་ཀྱི་འདུག དེའི་ཐད་བོད་མི་རྣམས་ལ་ཚུར་རེ་བ་ཆེན་པོ་རྒྱག་གི་འདུག དེར་བརྟེན་ང་ཚོའི་དམིགས་ཡུལ་གཙོ་བོ་དེ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན། དེ་བོད་མི་ས་ཡ་དྲུག་གི་གནད་དོན་ཞིག་མ་རེད། རྒྱ་རིགས་གཞོན་སྐྱེས་ས་ཡ་མང་པོ་དང་འབྲེལ་བ་ཡོད་པ་ཞིག་རེད་ཅེས་དང།

hh-in-delhi-2ཡང་བཀའ་ལན་གཞན་གྱི་ནང་དུ། བོད་མི་ཚང་མ་དཔལ་འབྱོར་ཕུན་སུམ་ཚོགས་པོ་ཡོད་ན་བསམ་གྱི་ཡོད་རེད། དེར་བརྟེན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ཏུ་བསྡད་ན། རྒྱ་ནག་དེ་ཕྱི་དངོས་པོའི་ཡར་རྒྱས་ཡོད་དུས་ང་ཚོར་ཁེ་ཕན་ཡོད་པ་ཞིག་རེད། དེ་དང་ཕྱོགས་མཚུངས་ང་ཚོར་མིང་དོན་མཚུངས་པའི་རང་སྐྱོང་ཞིག་དགོས་ཀྱི་ཡོད་རེད། དེ་བརྒྱུད་ནས་བོད་མི་རིགས་ཀྱི་ངོ་བོ་དང་སྐད་ཡིག་སྲུང་སྐྱོབ་ཙམ་མ་ཟད། བོད་ཀྱི་ཁོར་ཡུག་ལའང་ཡང་དག་པའི་སྲུང་སྐྱོབ་ཐུབ་ཀྱི་རེད། བོད་ཀྱི་ཁོར་ཡུག་ལ་སྣང་མེད་བཏང་བ་ཡིན་ན། རྒྱ་ནག་ནང་དུའང་དཀའ་ངལ་ཡོང་གི་རེད། བོད་དུ་ཚད་ལས་འདས་པའི་ཤིང་ནགས་གཅོད་འབྲེག་བྱས་པར་བརྟེན། བསམ་ཡུལ་ལས་འདས་པའི་ཆུ་ལོག་གི་གནོད་འཚེ་ཡོང་གི་ཡོད་པ་རེད་ཅེས་དང།

རྒྱ་ནག་དེ་ག་ཚད་སྟོབས་ཤུགས་ཆེ་ནའང་འཛམ་གླིང་འདིའི་ཆ་ཤས་ཤིག་རེད། དེར་བརྟེན་རྒྱ་ནག་གཞུང་དེ་འཛམ་བུ་གླིང་འགྲོ་ས་དེ་རང་ལ་འགྲོ་དགོས་ཀྱི་ཡོད་རེད། རྒྱ་ནག་གི་མ་འོངས་ཟེར་བ་དེ་འདྲ་ཞིག་མ་གཏོགས་མེད་པ་རེད། འཛམ་གླིང་དེ་ཕྱི་གསལ་ནང་གསལ་ཞིག་ཆགས་པ་དང། རྒྱ་ནག་དེ་ལམ་ཁ་གཞན་ཞིག་ཏུ་ཕྱིན་པ་ཡིན་ན་དངོས་ཡོད་གནས་ཚུལ་དང་མི་མཐུན་པ་ཞིག་ཆགས་འགྲོ་ཡི་ཡོད་རེད་ཅེས་སོགས་གསུངས་འདུག

དེ་བཞིན་ཚེས་༡༠ ཉིན་གྱི་ཕྱི་དྲོ་སྟོང་ལོ་གསར་པའི་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་ཡོད་པ་མ་ཟད། དྲི་བ་དྲིས་ལན་ཡང་གནང་ཡོད་པ་རེད། ཐེངས་འདིའི་བགྲོ་གླེང་གི་ནང་དུ་མཉམ་ཞུགས་གནང་མཁན་གཙུག་ལག་སློབ་ཁང་དེའི་སློབ་དཔོན་དང། གཞན་ཡང་སློབ་ཕྲུག་རྣམས་ནི་གཙུག་ལག་སློབ་ཁང་གི་ངོས་ནས་དམིགས་བསལ་རྩོམ་ཡིག་འགྲན་བསྡུར་བྱས་ནས་འདེམས་སྒྲུག་བྱས་པའི་རྒྱ་གར་གྱི་སློབ་མ་༡༥༠ ལྷག་དང། དེ་བཞིན་བོད་རིགས་དང་ཕྱིའི་རྒྱལ་ཁབ་མང་པོ་ཞིག་གི་སློབ་མ་ཡང་མཉམ་ཞུགས་བྱས་ཡོད་པ་རེད།།

{jcomments on}

Share this:
༦༣ ཀློག་གྲངས།