བུད་མེད་སྒེར་ལངས་ཀྱི་དུས་དྲན་ཐེངས་༥༩ པའི་མཛད་སྒོ་སྲུང་བརྩི།

བོད་ཀྱི་བདེན་མཐའ་མ་གསལ་བར་དུ་བུད་མེད་སྒེར་ལངས་ཀྱི་ལས་འགུལ་དེ་མུ་མཐུད་ནས་འགྲོ་དགོས་པ་དང་། དེ་ཡང་བུད་མེད་སྒེར་ལངས་ཞེས་པའི་མིང་དེ་རང་འཇགས་གནས་པའི་ཐོག་ནས་འགྲོ་དགོས་པ་གལ་གནད་ཡིན་སྐོར་བོད་ཁྱིམ་སྤྱི་ཁྱབ་ཀྱི་ཤེས་ཡོན་འགན་འཛིན་ཟུར་པ་བསོད་ནམས་སྒྲོལ་དཀར་གྱིས་བརྗོད་སོང་།

ཟླ་འདིའི་ཚེས་༡༢ ཉིན་ནི་ཕྱི་ལོ་༡༩༥༩ ལོའི་ཟླ་༣ ཚེས་༡༢ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་ཀྱི་བུད་མེད་རྣམས་ཀྱིས་བོད་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོབ་ཆེད་རྒྱ་དམར་གྱི་དབང་བསྒྱུར་དང་བཙན་གནོན་ལ་ཞི་བའི་ངོ་རྒོལ་སྒེར་ལངས་བྱས་ནས་ལོ་ངོ་༥༩ འཁོར་བའི་ཉིན་མོ་དེ་ཡིན་པས། དྷ་ས་མེག་གྷན་དཔའ་བོའི་རྡོ་རིང་མདུན་དུ་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག་སྔ་དྲོ་ཆུ་ཚོད་༨ དང་སྐར་མ་༤༥ ཐོག་དུས་དྲན་སྲུང་བརྩིའི་མཛད་སྒོ་ཞིག་འཚོགས་སོང་། སྐབས་དེར་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་ཁྱིམ་སྤྱི་ཁྱབ་ཀྱི་ཤེས་ཡོན་འགན་འཛིན་ཟུར་པ་བསོད་ནམས་སྒྲོལ་དཀར་དང་། དམིགས་བསལ་སྐུ་མགྲོན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སློབ་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་དང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ཟུར་དང་སྤྱི་ཟུར། སྙིང་སྟོབས་གླིང་གི་འགན་འཛིན་ངག་དབང་ལྷ་མོ། དེ་བཞིན་སྤྱི་འཐུས་དང་སྤྱི་ཟུར་ཁག་ཅིག་དང་། སློབ་མ་དང་བཙུན་མ། དྷ་སའི་ཁུལ་གྱི་བུད་མེད་མང་དག་ཅིག་འཛོམས་འདུག

མཛད་སྒོའི་ཐོག་མར་ཚང་མ་སྐུ་བཞེངས་ཐོག་བོད་དང་བོད་མིའི་ཆེད་གཅེས་པའི་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་མྱ་ངན་གུས་འདུད་ཆེད་ངག་བཅད་སྐར་མ་གཅིག་དང་། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ། བུད་མེད་ལངས་གླུ་བཅས་བཏང་གྲུབ་མཚམས་སུ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་གྱིས་བུད་མེད་སྒེར་ལངས་ཀྱི་དུས་དྲན་ཐེངས་༥༩ པའི་ཡོངས་ཁྱབ་གཏམ་བཤད་སྒྲོགས་སྦྱང་བྱས་སོང་ཞིང་། དེའི་ནང་“དེ་རིང་ནི་མི་ལོ་༥༩ འཁོར་བའི་བུད་མེད་སྒེར་ལངས་ཀྱི་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་དུས་དྲན་གྱི་ཉིན་མོ་ཞིག་ཡིན། དེ་ཡང་བོད་མིའི་གནས་སྟངས་ལ་ཡིད་སྐྱོ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་དབུ་ཁྲིད་འོག་བོད་མི་རྣམས་ཀྱི་ལེགས་བྱས་ཀྱི་གྲུབ་འབྲས་ལ་ཡི་རངས་གཉིས་ཟུང་འབྲེལ་གྱི་སྒོ་ནས་སྲུང་བརྩི་ཞུ་རྒྱུ་ཡིན།”ཞེས་དང་། “བོད་ཀྱི་བུད་མེད་སྒེར་ལངས་ཀྱི་ཉིན་མོ་འདིར་རྒྱལ་གཅེས་དཔའ་བོ་རྣམས་ལ་རྗེས་དྲན་དང་དེ་དག་གི་སྙིང་སྟོབས་ལ་དམིགས་བསལ་གུས་བཀུར་ཞུ་རྒྱུ་ཡིན། གཞིས་ལུས་དང་བཙན་བྱོལ་བོད་ཀྱི་བུད་མེད་ཡོངས་ནས་བོད་བསྟན་སྲིད་མི་རིགས་བཅས་ཀྱི་དོན་དུ་རང་སྲོག་ཕུལ་བའི་བོད་ཀྱི་དཔའ་མོ་རྣམས་ཀྱི་སྙིང་སྟོབས་དང་ལྷག་བསམ་ལ་ཡི་རངས་ཀྱིས་བོད་མིའི་རང་དབང་གི་ཆེད་འཐབ་རྩོད་བྱེད་རྒྱུའི་དམ་བཅའ་བརྟན་པོ་བཟུང་བཞིན་ཡོད།”ཅེས་སོགས་འཁོད་འདུག་པ་དང་། དེ་བཞིན་འབོད་སྐུལ་དོན་ཚན་ལྔ་འཁོད་ཡོད་པ་ནི། ༡༽ མཉམ་འབྲེལ་རྒྱལ་ཚོགས་དང་། འཛམ་གླིང་གང་སར་བཞུགས་པའི་གྲོས་ཚོགས་འཐུས་མི་དང་རྒྱལ་སྤྱིའི་དབུ་ཁྲིད་ཁག དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ནས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་བོད་མི་རིགས་ཀྱི་ངེས་པ་དོན་གྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་ཞི་མོལ་གནང་རོགས་ཞེས་སྐུལ་མ་ཞུ་རྒྱུ་ཡིན། ༢༽ བོད་དུ་ཞི་རྒོལ་དང་རང་ལུས་མེར་བསྲེགས་ཀྱི་དཀའ་ངལ་ཡོང་ས་ནི་བོད་དོན་ཐོག་འཛིན་བཞིན་པའི་ཆབ་སྲིད་ཀྱི་སྲིད་ཇུས་ལ་ཐུག་པས་དེ་དག་ལ་བསྐྱར་ཞིབ་དགོས་པའི་སྐུལ་མ་ཞུ་རྒྱུ་ཡིན། ༣༽ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཙན་ཁྲིད་བོར་བརླག་ཚོགས་ཆུང་ལ་རྒྱ་ནག་གཞུང་ལ་༧པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་མྱུར་དུ་གློད་གྲོལ་ཡོང་རྒྱུའི་གནོན་ཤུགས་སྤྲོད་རོགས་ཞེས་ནན་སྐུལ་ཞུ་རྒྱུ་ཡིན། ༤༽ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་དབུ་ཁྲིད་རྣམ་པར་བླ་རུང་སྒར་དང་ཡ་ཆེན་སྒར་གྱིས་མཚོན་པའི་གཏོར་བཤིག་གི་རིགས་ལ་མཚམས་འཇོག་དགོས་རྒྱུའི་འབོད་སྐུལ་གནང་རོགས་ཞུ་རྒྱུ་ཡིན། ༥༽ སྲིད་འཛིན་ཞི་ཅིན་ཕིང་སོགས་རྒྱ་ནག་གི་དཔོན་རིགས་རྣམ་པར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་གསར་འགོད་ཀྱི་རང་དབང་ལ་བརྩི་བཀུར་ཡོང་བའི་ནན་སྐུལ་ཞུ་རྒྱུ་ཡིན་ཞེས་པ་བཅས་རེད་འདུག

དེ་རྗེས་དམིགས་བསལ་སྐུ་མགྲོན་བཀའ་ཟུར་རིན་ཆེན་མཁའ་འགྲོས་“དེ་རིང་ང་ཚོ་འདིར་འཛོམས་པ་འདི་ནི་བོད་ཀྱི་དཔའ་མོ་རྣམ་པ་ཚོས་༡༩༥༩  ལོར་ཕོ་བྲང་པོ་ཏ་ལའི་མདུན་དུ་ངོ་རྒོལ་གནང་བར། ང་ཚོས་ཉིན་མོ་དེར་ངོ་རྒོལ་གྱི་ཉིན་མོ་ཧ་ཅང་གལ་ཆེན་པོ་ཞིག་ཏུ་བརྩི་ཡི་ཡོད་སྟབས་འདིར་འཛོམས་པ་རེད་།”ཅེས་དང་། དེ་སྔོན་བོད་ནང་རྒྱ་མིས་བཙན་འཛུལ་མ་བྱས་གོང་རྒྱལ་ཁབ་གཞན་གྱི་གནས་སྟངས་རྟོགས་མཁན་དང་། དེང་སང་ནང་བཞིན་སློབ་སྦྱོང་ཡོད་མཁན་གྱི་བུད་མེད་མང་པོ་དེ་ཙམ་བྱུང་མེད་རུང་། སོ་སོའི་རྒྱལ་ཁབ་དེ་སོ་སོར་དབང་གི་ཡོད་པ་མཁྱེན་པའི་ཐོག་ནས་ལུས་སྲོག་བློས་གཏོང་བྱས་ཏེ་རྒྱ་ནག་གཞུང་གི་བཙན་འཛུལ་ལ་ངོ་རྒོལ་གྱིས་རྒྱ་མི་རྣམས་སོ་སོའི་ལུང་པར་ལོག་དགོས་པ་དང་། བོད་རྒྱལ་ཁབ་བོད་པར་དབང་བའི་འབོད་སྒྲ་བསྒྲགས་ཡོད་པ་དང་། ད་ལྟའི་བུད་མེད་སློབ་སྦྱོང་ཡོད་མཁན་དང་ཕྱིའི་རྒྱལ་ཁབ་ཀྱི་གནས་སྟངས་རྟོགས་མཁན་ཚོའི་ནང་ལ་དེ་སྔོན་གྱི་དཔའ་མོ་ཚོ་ནང་བཞིན་བསམ་བློ་གཏོང་ཐུབ་མཁན་མེད་ཚེ་ཡོད་པ་བཟོ་རྒྱུ་གལ་ཆེ་སྐོར་དང་། ད་ལྟའི་དུས་སྐབས་འདི་ལྷོད་ལྷོད་ངང་ཡིན་ལ་མིན་ལ་བྱས་ཏེ་གཏན་ནས་སྡོད་ཁོམ་མེད་པར་བོད་རྩ་དོན་གྱི་ཆེད་དུ་འབད་འབུངས་བྱེད་དགོས་སྐོར་སོགས་བརྗོད་སོང་།

དེ་རྗེེས་སྐུ་མགྲོན་གཙོ་བོ་བོད་ཁྱིམ་སྤྱི་ཁྱབ་ཤེས་ཡོན་འགན་འཛིན་ཟུར་པ་བསོད་ནམས་སྒྲོལ་དཀར་གྱིས་“ཕྱི་ལོ་༡༩༥༩ ལོར་རྒྱ་མིས་བོད་ནང་བཙན་འཛུལ་བྱས་ནས་བོད་བསྟན་པ་ཆབ་སྲིད་དང་། ༧རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭའི་ཐོག་ལ་ཉེན་ཁ་ཆེན་པོ་ཞིག་ཆགས་དུས་བོད་ཀྱི་བུད་མེད་ཚོས་ད་གིར་སྐུ་ངོས་བཀའ་གནང་བ་བཞིན་སྦྱངས་པའི་ཤེས་ཡོན་ཡོད་ཀྱང་མེད་ཀྱང་། དེ་དུས་ང་ཚོ་བུད་མེད་རེད། ང་ཚོས་འཇོན་གྱི་མ་རེད་ཅེས་ཞེད་ནས་མ་བསྡད་པར། སྙིང་སྟོབས་ཆེན་པོའི་ངང་ནས་དཔའ་མོ་ཁག་གིས་དབུ་ཁྲིད་པའི་ཐོག་བུད་མེད་སྟོང་ཕྲག་མང་པོ་འཛོམས་ཏེ་ཞི་བའི་སྒེར་ལངས་དབུ་བརྙེས་པ་རེད། ད་ལྟའི་ཆར་ཁོ་རང་ཚོ་མང་པོ་ཞིག་རྒྱ་མིས་བཙན་འཛུལ་འོག་ནས་འདས་གྲོངས་སུ་གྱུར་ནས་བཞུགས་ཡོད་མ་རེད། དེ་ནས་རྒྱ་གར་ལ་འབྱོར་རྗེེས་བུད་མེད་ལྷག་བསམ་ཅན་ཁག་ཅིག་གིས་བུད་མེད་ལྷན་ཚོགས་འདི་གནད་འགག་ཆེན་པོར་གཟིགས་ནས་བསྐྱར་གསོ་གནང་བ་རེད། དེར་བརྟེན་ད་ལྟའི་ཆར་བོད་ཀྱི་བུད་མེད་ལྷན་ཚོགས་འདི་ང་ཚོ་བོད་པ་ཡིན་ན་གཅིག་སྤོབས་པ་སྐྱེ་དགོས་པའི་ཚོགས་པ་གནད་འགག་ཆེན་པོ་ཞིག་ཆགས་ཡོད་རེད་བསམ་གྱི་འདུག དེ་ཆགས་ཡ་དེ་བོད་ལ་བུད་མེད་དཔའ་མོ་ཚོས་སྐུ་ལས་བསྐྱོན་པ་དང་། རྒྱ་གར་ལ་ཕེབས་ནས་སླར་གསོ་གནང་སྟེ་དེའི་རྗེས་སུ་མུ་མཐུད་བུད་མེད་མང་པོ་ཞིག་གིས་སྐུ་ངལ་འཛེམས་མེད་ཐོག་སྐུ་ལས་བསྐྱོན་པའི་གྲུབ་འབྲས་ཤིག་རེད་བསམ་གྱི་འདུག དེར་བརྟེན་དེ་རིང་ང་ཚོས་ཉིན་མོ་འདིར་ཁོང་རྣམ་པས་སྐུ་ལས་བསྐྱོན་པར་རྗེས་སུ་ཡི་རངས་དང་དྲན་སྐུལ་ཞུ་བའི་དུས་ཚོད་ཅིག་ཆགས་ཡོད་རེད་”ཅེས་དང་། དེ་བཞིན་མོས་མུ་མཐུད་ནས་“བོད་པའི་བདེན་མཐའ་མ་གསལ་བར་དུ་བུད་མེད་ཀྱི་སྒེར་ལངས་ཀྱི་ལས་འགུལ་དེ་མུ་མཐུད་ནས་འགྲོ་དགོས་རེད་བསམ་གྱི་འདུག དེ་འགྲོ་དགོས་ན་མིང་དེ་ག་རང་གི་ཐོག་ལ་གནས་ཏེ་འགྲོ་རྒྱུ་གནད་འགག་ཆེན་པོ་ཞིག་ཏུ་ངས་མཐོང་གི་འདུག་ཞུ་རྒྱུ་ཡིན།”ཞེས་དང་བུད་མེད་ལྷན་ཚོགས་ཀྱིས་ད་བར་བུད་མེད་ཀྱི་ནུས་སྟོབས་སྤེལ་བས་མཚོན་པའི་ལས་འགུལ་སྣ་མང་སྤེལ་ཡོད་པ་རྣམས་༧གོང་ས་མཆོག་གི་དགོངས་གཞི་དང་མཐུན་པ་དང་། དགོངས་གཞིའི་འོག་ཤར་བསྐྱོད་གནང་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། དེ་གནད་འགག་ཆེན་པོ་ཡིན་པ་བཅས་སོགས་བརྗོད་སོང་།

མཇུག་ཏུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྤྱི་ཁྱབ་མཐུན་འབྲེལ་འགན་འཛིན་སྐལ་བཟང་གཡུ་སྒྲོན་གྱིས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་བྱས་མཐར་མཛད་སྒོ་གྲོལ་ཏེ། དུས་དྲན་སྲུང་བརྩི་ཞུ་མཁན་རྣམས་ཀྱིས་དྷ་ས་མེག་གྷན་དཔའ་བོའི་རྡོ་རིང་ནས་དྷ་ཤོད་ཀཱ་ཇ་རའི་བར་དུ་སྐད་འབོད་ཁྲོམ་སྐོར་བྱས་སོང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༤༠༩ ཀློག་གྲངས།