བསྔོ་སྨོན་གྱི་ཚོགས་མགོན་དུ་༧གོང་ས་མཆོག་ཆིབས་བསྒྱུར།

དེ་ཡང་ཟླ་འདིའི་ཚེས་༡༤ ཉིན་བོད་གཞུང་ཆོས་རིག་ལས་ཁུངས་དང་། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གཉིས་ཀྱི་གོ་སྒྲིག་འོག ཆུ་ལོག་གི་གནོད་འཚེ་བྱུང་ཡུལ་བོད་ཨ་མདོ་ས་ཁུལ་འབྲུག་ཆུ་རྫོང་དང་། དེ་བཞིན་ལ་དྭགས་སླེ་ས་ཁུལ་བཅས་སུ། བོད་མི་དང་ཡུལ་མི་སོགས་སྟོང་ཕྲག་བརྒལ་བ་རྐྱེན་དུ་སོང་ཡོད་པ་རྣམས་ཀྱི་ཆེད་དུ། དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བསྔོ་སྨོན་གཞི་རྒྱ་ཆེན་པོ་ཞིག་གནང་ཡོད་པའི་ཚོགས་མགོན་དུ་༧གོང་ས་མཆོག་དང། དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་རྣམ་གཉིས་ཆིབས་བསྒྱུར་གནང་ཡོད་པ་རེད།
dalai la ma_14_august1དེ་བཞིན་བོད་གཞུང་གི་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེས་དབུས། མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། སྤྱི་འཐུས་དང་དྲུང་ཆེ་ཆུང་ཁག་གཅིག་གིས་གཙོས་སྲི་ཞུ་བ་ཁག་གཅིག དྷ་སའི་ཉེ་འཁོར་གྱི་དགོན་སྡེ་ཁག་གི་མཁན་ལས་ཟུར་དང་གྲྭ་བཙུན། མི་མང་བཅས་སྟོང་ཕྲག་བརྒལ་བ་བསྔོ་སྨོན་གྱི་འདུ་ཚོགས་སུ་ཕེབས་འདུག སྐབས་དེར་༧གོང་ས་མཆོག་གིས་གསོལ་ཇའི་བར་སེང་དང་བསྟུན་ནས། བོད་ནང་གི་ཆུ་ལོག་དང་དེ་བཞིན་ལ་དྭགས་ས་ཁུལ་དུ་བྱུང་བའི་སྤྲིན་པ་གས་འཐོར་གྱི་ཆུ་ལོག ཨུ་རུ་སུའི་ནང་མེ་སྐྱོན་ཤོར་ནས་རྐྱེན་ལམ་དུ་སོང་ཡོད་པ་ཚང་མ། ང་ཚོ་བསྔོ་སྨོན་བྱེད་མཁན་ཚོའི་དམིགས་ལམ་དུ་ཡོང་བ་བྱེད་དགོས་ཞེས་བཀའ་སློབ་གནང་ཡོད་པ་རེད།
བསྔོ་སྨོན་གོ་སྒྲིག་པས་འདི་གའི་གསར་འགོད་པར། བོད་ནང་ཆུ་ལོག་གི་ཁྲོད་ནས་མི་གྲངས་༡༠༠༠ བརྒལ་བ་རྐྱེན་ལམ་དུ་སོང་ཡོད་པ་ནང་ནས། ༤༠༠ ལྷག་ཙམ་བོད་མི་ཆགས་ཡོད་པ་དང། ད་ལྟའི་སྐབས་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་བསྔོ་སྨོན་གོ་སྒྲིག་དང་ཞལ་འདེབས་བསྡུ་རུབ་སོགས་བྱས་ཏེ། གནོད་འཚེ་ཕོག་ཡུལ་དུ་འཕྲོད་ཐབས་བྱེད་རྒྱུ་དང། ཞེ་དགུའི་སྐབས་སུའང་བསྔོ་སྨོན་གཞི་རྒྱ་ཆེན་པོ་ཞིག་གོ་སྒྲིག་བྱེད་འཆར་ཡོད་ཅེས་འགྲེལ་བརྗོད་གནང་སོང། རྐྱེན་ལམ་དུ་སོང་བའི་ཕུང་པོ་དང་ཁང་ཁྱིམ་འཐོར་ཞིག་སོང་བ་རྣམས་ཀྱི་འདྲ་པར་ཕྱོགས་སྒྲིག་ཆེན་པོ་ཁག་གཅིག དྷ་སའི་སྲང་ལམ་ཁག་ཏུ་འཕྱར་པ་སོགས། གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་བཞིན་ཡོད་པ་རེད།
{jcomments on}

Share this:
༨༨ ཀློག་གྲངས།