བོད་རིགས་ལ་འཕྲད་བཞིན་པའི་ཆག་སྒོ།

རྒྱ་ནག་གཞུང་གི་བཙོན་ཁང་ཁག་ཏུ་བོད་རིགས་ཤེས་ཡོན་པ་དང་། ལ་རྒྱ་ཅན། ཁོར་ཡུག་སྲུང་སྐྱོབ་པ་སོགས་ཧ་ཅང་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ཀྱིས་བཙོན་འཇུག་བྱས་ཡོད་པ་དང། དེ་ཡང་ཁྲིམས་ལུགས་གང་དང་ཡང་འགལ་མེད་ཀྱང་བཙན་དབང་ཁོ་ནའི་ཐོག་ནས་འཛིན་བཟུང་བྱས་ཡོད་པ་རེད། དེར་བརྟེན་ད་ལྟའི་ཆར་བོད་ནང་གི་རང་དབང་ཁོར་ཡུག་ཧ་ཅང་ཆུང་བའི་ཛ་དྲག་དཀའ་ངལ་དང་། མནར་གཅོད་སྣ་ཚོགས་དང་དངངས་སྐྲག་འབའ་ཞིག་གི་འོག་ཏུ་འཚོ་དགོས་པའི་སྐབས་འདིར། རང་བྱུང་གོད་ཆག་གིས་ཀྱང་བོད་དང་བོད་པའི་རིགས་རྒྱུད་དུ་གཏོགས་པ་རྣམས་ལ་དམིགས་བསལ་གྱིས་དཀའ་ངལ་མང་པོ་ཞིག་སྤྲོད་བཞིན་འདུག དཔེར་ན་ལོ་འདི་ཁོ་ནའི་ནང་དུ་སྒ་སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆག་དང་། ད་ལྟ་ཨ་མདོ་འབྲུག་ཆུ་རྫོང་དུ་ཆར་ཞོད་ཀྱི་རྐྱེན་པས་རི་ཉིལ་བའི་དོན་རྐྱེན། དེ་བཞིན་ལ་དྭགས་ཀྱི་ས་ཆར་ཡང་ཆུ་རུད་ཀྱིས་དཀའ་ངལ་འཕྲད་པ་སོགས་ནི་བོད་དང་བོད་མི་རིགས་སུ་གྱུར་པ་རྣམས་ལ་བསམ་བརྗོད་ལས་འདས་པའི་གོད་ཆག་ཆེ་ཤོས་སུ་གྱུར་ཡོད་པ་རེད། བོད་ནང་དུ་ཡོད་པའི་བོད་པ་རྣམས་ཀྱིས་ཡུལ་ཤུལ་ས་ཡོམ་གྱི་གནོད་སྐྱོན་ལ་རོགས་རམ་ཧ་ཅང་རྒྱ་ཆེན་པོ་གནང་ཡོད་པ་དང་། གནས་སྟངས་འདིའི་ཐོག་ནས་བོད་རིགས་རྣམས་ཚང་མ་སྐྱིད་སྡུག་མཉམ་མྱོང་དང་། རྡོག་རྩ་གཅིག་སྒྲིལ་ཡིན་པའི་གནས་སྟངས་ཧ་ཅང་གསལ་པོ་ཆགས་ཐུབ་པ་བྱུང་ཡོད། ད་ཆ་ཨ་མདོ་འབྲུག་ཆུ་རུ་རི་ཉིལ་བའི་ཛ་དྲག་དཀའ་ངལ་ལ་བོད་ནང་ནས་རོགས་རམ་ཤུགས་ཆེ་གནང་ངེས་རེད་ལ། བཙན་བྱོལ་ནང་ནས་ཀྱང་སྔར་ཡུལ་ཤུལ་གྱི་ས་ཡོམ་སྐབས་རོགས་རམ་གནང་བ་བཞིན་འབྲུག་ཆུའི་དཀའ་ངལ་སེལ་ཆེད་རོགས་རམ་གང་ཐུབ་ཅི་ནུས་ཀྱིས་གནང་དགོས་པ་ནི་ཧ་ཅང་གལ་ཆེ།

དེ་བཞིན་ད་ལྟའི་ཆར་ལ་དྭགས་ཀྱི་དོན་རྐྱེན་ཧ་ཅང་ཛ་དྲག་གི་གནས་སུ་གྱུར་ཡོད་པ་དང་། ལ་དྭགས་ཀྱི་ཡུལ་མི་ཙམ་དུ་མ་ཟད་བོད་མི་སྐྱབས་བཅོལ་བའི་ནང་ནས་ཀྱང་ཚེ་སྲོག་ཤོར་མཁན་བྱུང་ཡོད་པས། བཙན་བྱོལ་བོད་མི་རྒྱུ་ཡོད་མཁན་ཚོས་བོད་པ་ཙམ་མ་ཡིན་པར་ཤ་ཁྲག་རུས་རྒྱུད་གཅིག་པ་དང་། ཆོས་དང་རིག་གཞུང་གཅིག་པའི་ལ་དྭགས་ཡུལ་མི་རྣམས་ལ་རོགས་རམ་གང་ཐུབ་དགོས་པ་དང་། རྒྱུ་ཤུགས་མེད་མཁན་རྣམས་ཀྱི་ངོས་ནས་ཀྱང་ནུས་ཤུགས་ཀྱི་ཐོག་ནས་རོགས་རམ་གནང་དགོས་པ་ཧ་ཅང་གལ་ཆེན་པོར་གྱུར་ཡོད། ལ་དྭགས་ཀྱི་དོན་རྐྱེན་ལ་རོགས་རམ་ཆེད་ཞལ་འདེབས་བསྡུ་རུབ་དང་། ས་གནས་དངོས་སུ་སོང་ནས་མི་མང་ལ་རོགས་རམ་ག་འདྲ་གནང་དགོས་མིན་བོད་ནང་གི་ད་ལོའི་ཡུལ་ཤུལ་དོན་རྐྱེན་གྱི་གནས་སྟངས་ལ་དཔེ་ལེན་ཆོག་པས། བཙན་བྱོལ་བོད་མི་རྣམས་ཀྱིས་ཀྱང་ལྷོད་ཡངས་དང་སྣང་མེད་དུ་མ་སོང་བར་ཉེ་ཆར་བྱུང་བའི་དོན་རྐྱེན་གཉིས་ཀྱི་ཐད་ཚ་ཚ་འུར་འུར་གྱིས་རོགས་སྐྱོར་ལས་འགུལ་སྤེལ་དགོས་པ་གལ་ཆེར་མཐོང་།།

{jcomments on}

Share this:
༤༠ ཀློག་གྲངས།