ཞབས་རིམ་གསོག་སྒྲུབ་ཀྱི་བཀོད་ཁྱབ་ཅིག་དགོས་པའི་གཞེན་སྐུལ།

༧གོང་ས་མཆོག་སྐུ་ཡུན་དུ་བརྟན་ཆེད་ཆོས་རིག་ལས་ཁུངས་ཀྱི་ངོས་ནས་ཞབས་རིམ་གསོག་དགོས་པའི་བཀོད་ཁྱབ་ཅིག་མི་མང་ལ་གཏོང་དགོས་པའི་ཐུགས་སྣང་ཞེན་སྐུལ་གྱི་གྲོས་འཆར་ཞིག་བཏོན་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཚེས་༡༥ ཉིན་གྱི་གྲོས་ཚོགས་ཉིན་གཉིས་པར་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་དང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་གྱིས་ཀྱིས་ཆོས་རིག་བཀའ་བློན་ལ་ཐུགས་སྣང་ཞེས་སྐུལ་གྱི་གྲོས་འཆར་ཞིག་བཏོན་པའི་ནང་འཁོད་དོན། ཟུར་གསལ་འཁྲུལ་མེད་བཀའ་ལུང་རིན་པོ་ཆེའི་དགོངས་དོན་བཞིན། བོད་མིའི་སྤྱི་མཐུན་བསོད་ནམས་གོང་སྤེལ་དང་། ཁྱད་པར་༧གོང་ས་མཆོག་སྐུ་ཕྲེང་བཅུ་བཞི་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་ཆེད་ཞབས་རིམ་དུ་ཚེ་ཐར་སྲོག་བསླུས་མཚོན་པའི་མི་དགེ་བཅུ་སྤོང་གི་དགེ་ལས་བསྒྲུབ་རྒྱུ་དང་། སྨན་གཟུངས། གསུང་མཆོག་མ་ཎི་ཡི་གེ་དྲུག་མ། གུ་རུ་སིདྷི་མཚན་སྔགས་དུང་ཕྱུར་བརྒྱ་ཕྲག་གསོག་སྒྲུབ་དང་། གནས་ཆེན་གནས་ཆུང་ཁག་ལ་རྟེན་བཞེངས་གནང་རྒྱུ་བཅས་རྣམ་དཀར་དགེ་བའི་ཚོགས་ཆེན་གཞིས་བྱེས་གང་ན་སུ་བཞུགས་པའི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་གསོག་བསྒྲུབ་བྱེད་དགོས་པའི་བཀོད་ཁྱབ་ཅིག་གནང་སྐྱོང་ཡོང་བའི་ཐུགས་སྣང་གཞེན་བསྐུལ་གྲོས་འཆར་དུ་ཞེས་འཁོད་པ་དང་། རྡོ་གྲུབ་ཀུན་བཟང་གཞན་ཕན་གྱིས་འབྱུང་འགྱུར་ལུང་བསྟན་གསུང་ཐོར་བ་ལས་ཁོལ་དུ་ཕྱུང་ཞེས་པའི་ངོ་བཤུས་འཁོད་ཡོད་པ་རེད།

ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་ངོས་བཞེས་གནང་བ་དང་། ཞབས་རིམ་དེའི་རིགས་གལ་ཆེན་ཡིན་སྐོར་གསུངས་སོང་།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༢༦༦ ཀློག་གྲངས།