ཨོ་སི་ཀྲོ་ལི་ཡའི་བདེ་སྲུང་ལས་ཁང་གིས་སྐད་འཕྲིན་བཀག་སྡོམ་བྱས་འདུག

ཟླ་ཤས་སྔོན་ཨ་རིས་རྒྱ་ནག་གི་ཚོང་ལས་བཟོ་ཁང་ཞིག་གིས་བཟོས་པའི་རང་འཕུར་གནམ་གྲུ་བཀོལ་སྤྱོད་མི་ཆོག་བཟོས་རྗེས། ཨོ་སི་ཀྲོ་ལོ་ཡ་གཞུང་གིས་རྒྱལ་ཁབ་དེའི་བདེ་སྲུང་མི་སྣ་ཚོར། རྒྱ་ནག་གི་སྐད་འཕྲིན་བཀོལ་སྤྱོད་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་འདུག

ཟླ་༣ པའི་ཚེས་༡༥ ཉིན་ཧོང་ཀོང་གི་ལྷོ་རྒྱ་ནག་ཞོགས་འཕྲིན་སྟེང་གནས་ཚུལ་སྤེལ་གསལ། ཨོ་སི་ཀྲོ་ལི་ཡ་གཞུང་གིས་བདེ་སྲུང་ལས་ཁང་ལས་བྱེད་ལ། རྒྱ་ནག་གི་ཚོང་ལས་ཁང་ཞིག་གིས་བཟོས་པའི་སྐད་འཕྲིན་གྱི་ཞབས་ཞུའི་ཆ་རྐྱེན་དེ། ལས་ཁང་དེ་ལ་མཁོ་བའི་གནས་ཚད་དང་མཐུན་གྱི་མེད་སྐོར་བརྗོད་ནས། བདེ་སྲུང་མི་སྣ་ཚོར་མཉེན་ཆས་དེ་བཀོལ་སྤྱོད་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་འདུག འོན་ཀྱང་ཨོ་སི་ཀྲི་ལི་ཡའི་བདེ་སྲུང་ལས་ཁང་གིས་སྐད་འཕྲིན་དེས་རྒྱལ་ནང་བདེ་སྲུང་གི་ལས་དོན་ལ་ཉེན་ཁ་ཡོད་པ་ཐད་ཀར་འབྲེལ་བ་བཟོས་ནས་འགྲེལ་བརྗོད་བྱས་མེད་འདུག

རྒྱ་ནག་གི་ཐོན་རྫས་ལ་ཉེན་ཁ་མཐོང་ནས་བཀག་འགོག་བྱེད་མཁན་ཨོ་སི་ཀྲོ་ལི་ཡ་གཅིག་པུ་མིན་པར། ལོ་སྔོན་མའི་ལོ་མཇུག་ཏུ་ཨ་རིའི་བདེ་སྲུང་ལས་ཁང་གིས་རྒྱ་ནག་གི་བཟོ་ལས་ཚོང་ལས་ཞིག་གིས་བཟོས་པའི་རང་འཕུར་གནམ་གྲུ་རྣམས་ཉེན་ཁ་ཡོད་སྐོར་བརྗོད་ནས་བཀོལ་སྤྱོད་བྱེད་པར་བཀག་སྡོམ་བྱས་ཡོད་འདུག་པ་དང་། ཟླ་བ་སྔོན་མར་ཨ་རིའི་བདེ་སྲུང་མི་སྣས་ཨོ་སི་ཀྲོ་ལི་ཡའི་ནང་ཁ་པར་འབྲེལ་མཐུད་ཀྱི་གནས་ཚད་མཐོ་རུ་གཏོང་བའི་ལས་འཆར་ནང་རྒྱ་ནག་གི་ཆ་ཤས་བླངས་ཡོད་པར་སེམས་འཚབ་ཡོད་སྐོར་བརྗོད་འདུག

གནད་དོན་དེའི་ཐོག་རྒྱ་ནག་གི་ཧྲང་ཧེའི་སྤྱི་ཚོགས་རིག་གནས་བསྟི་གནས་ཁང་གི་ཉམས་ཞིབ་པ་ལཱི་ཡཱི་ཡིས། ཨོ་སི་ཀྲོ་ལི་ཡའི་བདེ་སྲུང་ལས་ཁང་གིས་སྐད་འཕྲིན་བཀག་སྡོམ་བྱས་པ་དེ་ནི། ཨ་རི་ལ་རྒྱབ་སྐྱོར་སྟོན་པའི་ཆབ་སྲིད་ཀྱི་བྱ་སྤྱོད་ཅིག་ཡིན་པ་དང་། སྐད་འཕྲིན་དེར་རྒྱ་ནག་གཞུང་གིས་སྟངས་འཛིན་དོ་དམ་བྱེད་ཀྱི་ཡོད་པས། བཀག་སྡོམ་བྱས་པ་དེ་ཡང་བསམ་ཤེས་ཐུབ་པ་ཞིག་ཡིན་པ་དང་། རྒྱལ་ཁབ་མང་པོ་ཞིག་ནང་བདེ་སྲུང་མི་སྣས་ཆོག་མཆན་ཡོད་པའི་མཉེན་ཆས་ལས་གཞན་བཀོལ་སྤྱོད་བྱེད་ཆོག་གི་མེད་པ་གཅིག་མཚུངས་ཡིན་པ་དང་། རྒྱ་ནག་ནང་ཨ་རི་ནས་བཟོ་སྐྲུན་བྱས་པའི་ངོ་དེབ་དང་ཝ་ཛེ་ཨེབ་གཉིས་བཀག་སྡོམ་བྱས་ཡོད་སྐོར་བརྗོད་འདུག

སྐད་འཕྲིན་བཀོལ་སྤྱོད་བཀག་སྡོམ་བྱས་པ་ལ་བརྟེན་ནས་ཨོ་སི་ཀྲོ་ལི་ཡ་དང་རྒྱ་ནག་གཉིས་བར་ཚོང་འབྲེལ་ཆད་རྒྱུ་མིན་པ་དང་། རྒྱ་ནག་ནས་བཟོས་པའི་ཁ་པར་ཧུ་ཝེ་སོགས་ཨོ་སི་ཀྲོ་ལི་ཡའི་གཞུང་གིས་ལས་དོན་ཁག་ཅིག་ཆེད་བཀོལ་སྤྱོད་མི་ཆོག་པ་བཟོས་པ་བྱུང་ཡང་། རྒྱལ་ཁབ་དེའི་ཁྲོམ་རའི་ནང་མུ་མཐུད་སླེབས་རྒྱུ་ཡིན་སྐོར་ཨོ་སི་ཀྲོ་ལི་ཡའི་དྲ་ཐོག་བདེ་སྲུང་བསྟི་གནས་ཁང་གི་འགན་འཛིན་གྷེ་རེག་གིས་བརྗོད་འདུག

ཨ་རི་གཙོས་པའི་རྒྱལ་ཁབ་མང་པོ་ཞིག་ནང་རྒྱ་ནག་གི་ཚོང་ལས་ཁང་གི་ཤུགས་རྐྱེན་ཆེན་པོ་སླེབས་ཀྱི་ཡོད་པ་དང་། དེ་དག་མང་པོ་ཞིག་བདེ་སྲུང་ལ་ཉེན་ཁ་མཐོང་གི་ཡོད་པས། ཟླ་༡ པོའི་ནང་ཨ་རིའི་ནང་གི་དངུལ་སྐྱེལ་འདྲེན་གྱི་ཚོང་ལས་ཁང་མཱ་ནི་གྷེ་རམ་( Moneygram) དེ་རྒྱ་ནག་གི་ཚོང་ལས་ཁང་ཞིག་ལ་ཨ་སྒོར་ཐེར་འབུམ་༡.༢ གྱི་རིན་གོང་ཐོག་བཙོང་རྒྱུ་བྱས་ཡོད་ཀྱང་། ཨ་རིས་ཉོ་ཚོང་དེ་བཀག་འགོག་བྱས་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༡༨ ཀློག་གྲངས།