སྲིད་སྐྱོང་བློ་བཟང་སེང་གེ་དང་སྤྱི་འཐུས་བསྟན་པ་ཡར་འཕེལ་དགོངས་པ་ཞུ་དགོས་སྐོར་བརྗོད་སོང་།

ཟླ་༣ པའི་ཚེས་༡༦ ཉིན་དྷ་ས་མེག་གྷན་ཧི་མ་ཅལ་ཡུལ་སྐོར་སྤྲོ་འཆམ་པའི་མགྲོན་ཁང་གི་ཚོགས་ཁང་དུ། བདེན་རྒྱབ་དང་བླངས་མི་མང་ཞེས་པ་ནས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་འཚོགས་བྱས་སོང་བ་དང་། སྐབས་དེར་ཨ་རི་ནིའུ་ཡོག་ནས་ཡིན་པའི་འཕྲིན་ལས་སྐལ་བཟང་དང་འཕྲིན་ལས། བལ་ཡུལ་ནས་ཡིན་པའི་འཆི་མེད་རྡོ་རྗེ་བཅས་གསུམ་གྱིས་གཏམ་བཤད་དང་གསར་འགོད་པའི་དྲི་བར་ལན་འདེབས་བྱས་སོང་།

ཚོགས་ཁང་ནང་དུ་འཕྲེད་དར་མང་པོ་ཞིག་སྦྱར་འདུག་པ་དང་། དེ་དག་གི་ཐོག་ཏུ། སྲིད་སྐྱོང་བློ་སེང་དང་སྤྱི་འཐུས་བསྟན་པ་ཡར་འཕེལ་གཉིས་ནས་ཁྲིམས་སྒྲིག་གི་དགོངས་དོན་དང་། བཟང་སྤྱོད་ལས་འགལ་བའི་ལས་དོན་སྣེ་མང་སྤེལ་བར་གང་མགྱོགས་ལས་གནས་ནས་ཕྱིར་འབུད་གཏོང་དགོས་པའི་རེ་འདུན་ཞུ་བཞིན་ཡོད།

དགའ་ལྡན་ཕོ་བྲང་ལ་ངོ་རྒོལ་མིན། བོད་མིའི་སྒྲིག་འཛུགས་ལ་གུས་བརྩི་ཡོད། སྲིད་སྐྱོང་བླེ་སེང་ལ་ངོ་རྒོལ་ཡོད། ཨ་རིའི་དོན་གཅོད་བཙན་གྱིས་ལས་མཚམས་བཞག་པར་དྲན་བདེན་མིན། སྲིད་སྐྱོང་བློ་བཟང་སེང་གེ་ལགས། དབང་ཆ་སྒེར་གཅོད་མ་གནང་རོགས། བོད་མིའི་སྒྲིག་འཛུགས་ལ་གུས་ཞབས་ཡོད། དབང་ཆ་ལོག་སྤྱོད་ལ་ངོ་རྒོལ་ཡོད། དྲང་བདེན་ལ་རྒྱབ་སྐྱོར་ཞུ། ཡང་དག་པའི་དམངས་གཙོའི་རིང་ལུགས་ལ་སྲུང་སྐྱོབ་དགོས་སོགས་བཀོད་འདུག

འཕྲིན་ལས་སྐལ་བཟང་གིས་ཟླ་༣ པའི་ཚེས་༡༧ ནས་༢༤ བར་ཨ་རི་དང་ཡུ་རོབ། བལ་ཡུལ། རྒྱ་གར་སོགས་ནས་སླེབས་པའི་མི་མང་གིས། བོད་མི་མང་གྲོས་ཚོགས་འཚོགས་བཞིན་པ་དང་བསྟུན་ནས། སྲིད་སྐྱོང་བློ་བཟང་སེང་གེ་དང་སྤྱི་འཐུས་བསྟན་པ་ཡར་འཕེལ་གཉིས་ལ་ངོ་རྒོལ་གྱི་ཞི་འབོད་ལས་འགུལ་སྤེལ་རྒྱུ་ཡིན་པ་དང་། དེ་གར་མཉམ་ཞུགས་བྱེད་མཁན་མི་མང་རྣམས་དང་བླངས་ཐོག་ནས་སླེབས་པ་ཤ་སྟག་ཡིན་ཁར། ཁོ་ཚོའི་དགོས་འདུན་ནི་ཨ་རིའི་དོན་གཅོད་འཕོ་འགྱུར་དང་འབྲེལ་བའི་གནད་དོན་ཐད། གྲོས་ཚོགས་ནས་དམིགས་བསལ་ཚོགས་ཆུང་གསར་འཛུགས་ཀྱིས་ཉམས་ཞིབ་བྱས་ཏེ་སྙན་ཐོ་འདོན་དགོས་སྐོར་དང་། སྲིད་སྐྱོང་དང་སྤྱི་འཐུས་བསྟན་པ་ཡར་འཕེལ་གཉིས་བཟང་སྤྱོད་ཐོག་ནས་དགོངས་པ་ཞུ་དགོས་པ་ཡིན་སྐོར་དང་སྦྲགས། ལས་འགུལ་དེར་མཉམ་ཞུགས་བྱེད་མཁན་རྣམས་ནི་རྒྱུན་དུ་ནས་དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་དང་། སྤྱི་ཚོགས་ལ་འགན་འཁུར་མཁན་ཤ་སྟག་ཡིན་པ། དེ་བཞིན་བུད་མེད་མང་པོ་ཞིག་མཉམ་ཞུགས་བྱེད་མཁན་ཡོད་པས་གཟི་བརྗིད་ཡིན་སྐོར་བརྗོད་སོང་།

ཁོང་གིས་རང་ཉིད་མི་མང་དཀྱུས་མ་ཞིག་བྱས་ནས་བསྡད་འདོད་ཡོད་ཀྱང་། ལོ་དྲུག་གི་སྔོན་ནས་བཟུང་སྤྱི་ཚོགས་ཀྱི་གནས་སྟངས་ཛ་དྲག་པོ་ཆགས་བཞིན་ཡོད་པས། ལས་འགུལ་དེ་རིགས་མ་སྤེལ་རང་སྤེལ་ཆགས་ཡོད་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཚོས་༧གོང་ས་མཆོག་གི་མཛད་འཕྲིན་ནག་གསུབ་མི་གཏོང་བའི་འབོད་སྐུལ་ཞུ་ཡི་ཡོད་ཅེས་བརྗོད་སོང་།

གསར་འགོད་པའི་དྲི་བ་དང་འབྲེལ་ནས། སྲིད་སྐྱོང་གིས་ཉེ་འཆར་གསུམ་བཅུའི་དུས་དྲན་སྐབས། བཀའ་ཤག་གི་གསལ་བཤད་བློ་མི་འཇུག་མཁན་རྣམས་ཀྱིས་ཁྲིམས་ཞིབ་ཁང་ལ་ཞུ་གཏུག་བྱས་ན་འགྲིག་གི་ཡོད་སྐོར་གསུངས་པ་དེ། མི་མང་དང་མང་གཙོའི་ཀ་བ་གསུམ། མི་མང་། གསར་འགོད་པ་སོགས་ལ་འགན་མ་འཁུར་ནས། ཐད་ཀར་ཁྲིམས་ཁང་གི་སྐད་ཆ་བཤད་པ་དེ་སྤྱི་ཚོགས་ལ་ཤ་ཚ་སྙིང་རྗེ་དང་ལྷག་བསམ་མེད་པར་ངོས་འཛིན་བྱེད་ཀྱི་ཡོད་པ། ཡག་ཤོས་བྱུང་ན་གྲོས་ཚོགས་ནི་བཅའ་ཁྲིམས་སྲུང་སྐྱོབ་བྱེད་མཁན་དང་མི་མང་གི་སྐུ་ཚབ་ཡིན་པས། དམིགས་བསལ་སྐུ་ཚབ་ཅིག་ཆེད་འཛུགས་བྱས་ཏེ་སྙན་ཐོ་འདོན་ཐུབ་པ་བྱེད་དགོས་སྐོར་བརྗོད་སོང་།

དེ་བཞིན་རྒྱུན་ཏུ་ནས་༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་རྣམས་ལ་ཁ་གཏད་དང་ངོ་རྒོལ་བྱེད་བཞིན་པ་ལྟར། སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་༧གོང་ས་མཆོག་ལ་ཉེ་ཆར་མཚན་སྨད་བྱས་པར་བརྟེན། ངོ་རྒོལ་དང་བཟང་སྤྱོད་ཐོག་ནས་ལས་གནས་ནས་དགོངས་པ་ཞུ་བའི་དགོས་འདུན་འདོན་གྱི་ཡོད་སྐོར་བརྗོད་པར། གསར་འགོད་པས་སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་༧གོང་ས་མཆོག་ལ་མཚན་སྨད་གང་འདྲ་ཞུས་པར་འགྲེལ་བཤད་བརྒྱབ་རོགས་ཞུས་པར། ཁོང་གིས་དེ་སྔོན་གྲོས་ཚོགས་ནང་སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་གྲོས་ཚོགས་ནང་༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ཨ་ཚོགས་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་བྱས་ཡོད་པ་དང་། དེ་བཞིན་གཞུང་བསྟེན་གནས་ཆུང་ཆོས་རྒྱལ་དང་དགའ་ལྡན་ཕོ་བྲང་ལ་ཟུར་ཟ་བྱས་ཡོད་སྐོར་ལན་འདེབས་བྱས་སོང་།

དེ་རྗེས་གསར་འགོད་པས་ཁྱེད་རང་གིས་རྒྱུན་དུ་ནས་༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་རྣམས་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་བརྗོད་པ་དང་། དོན་གཅོད་འཕོ་འགྱུར་དང་འབྲེལ་ནས་ངོ་རྒོལ་ལས་འགུལ་སྤེལ་མཁན་བུད་མེད་སྒྲོལ་མ་ཞེས་པ་ཞིག་གིས། ངོ་དེབ་ཐོག་ཏུ་༧གོང་ས་མཆོག་ལ་མཚན་སྨད་ཞུས་སྐོར་ཐེངས་འདིའི་གྲོས་ཚོགས་ནང་གླེང་སློང་བྱུང་ཡོད་པས། ཁྱེད་རང་གིས་བུད་མེད་དེར་ངོ་རྒོལ་མི་བྱེད་དོན་གང་ཡིན་ནམ། བུད་མེད་དེས་མཚན་སྨད་བྱས་པར་ངོས་འཛིན་བྱེད་ཀྱི་ཡོད་དམ་ཞེས་དྲིས་སྐབས།ཁོང་གིས་བུད་མེད་སྒྲོལ་མས་དེའི་ཐད་གསལ་བཤད་བྱས་ཡོད་པ་དང་། མོ་རང་ནི་མི་མང་གིས་བདམས་བཞག་པའི་འཐུས་མི་ཞིག་མིན་པས། དེའི་ཐད་ལག་པ་འཆང་འདོད་མེད་ཁར། གསལ་བཤད་དེ་ལས་ལྷག་པ་བཤད་རྒྱུ་མེད་པས། གསར་འགོད་པ་རང་ངོས་ནས་མོ་ལ་མཚན་སྨད་ཞུས་ཡོད་མིན་དྲི་བ་དྲིས་ན་ལེགས་པ་ཡོད་སྐོར་ལན་འདེབས་བྱས་སོང་བ་དང་།

གསར་འགོད་གསལ་བསྒྲགས་སྐབས་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དང་། དེའི་ནང་འཁོད་དོན། “ཕྱི་ལོ་༢༠༡༧ ཟླ་༡༡ པའི་ཚེས་༧ ཉིན་བཀའ་དྲུང་ཡིག་ཚང་བརྒྱུད་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་བཏང་བའི་གནས་བྲིས་ཡིག་ཆུང་ཞིག་གསལ་བསྒྲགས་གནང་སྟེ་ལྷིང་ལ་འཇགས་མ་ཐག་པའི་བཙན་བྱོལ་སྤྱི་ཚོགས་དེ་སླར་ཡང་གཡོ་འཁྱོམ་ཐེབས་འགོ་ཚུགས་པ་དང་། ཡང་ཕྱི་ཚེས་༩ ཉིན་དཔལ་ལྡན་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ནས་གནད་དོན་དེ་དང་འབྲེལ་བའི་གསལ་བཤད་གནང་སྐབས་གནས་ཚུལ་དེའི་འབྱུང་རྐྱེན་གསལ་པོ་གསུང་རྒྱུ་མེད་པ་མ་ཟད། གབ་སྦས་དང་བརྐྱང་བསྐུམ། སྐྲག་སྣང་གི་ཉམས་འགྱུར་སྣ་ཚོགས་བསྟན་པ་བཅས་ཀྱིས་སྤྱི་ཚོགས་ནང་དོགས་འདྲི་དང་། ལྷིང་འཇགས་མེད་པའི་དོགས་ཚོར་ཇེ་ཆེར་བཏང་སྟེ་སྤྱི་ཚོགས་དྲ་ལམ་དང་། མི་མང་འདུ་འཛོམས་བྱེད་ཡུལ་གང་སར་ལབ་གླེང་སྣ་ཚོགས་བྱུང་སྟེ། འཛིན་སྐྱོང་བཀའ་ཤག་གཙོས་པའི་འབྲེལ་ཁྲིམས་བཟོ་ལྷན་ཚོགས་དང་། ཁྲིམས་ཞིབ་ཁང་ལ་འཛམ་གླིང་ཡུལ་ཕྱོགས་གང་ས་ནས་ཡིག་ལམ་དང་ཁ་པར་བརྒྱུད་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་སྐུ་ངོ་སྤེན་པ་ཚེ་རིང་མཆོག་གི་ཕྱག་ལས་གནང་ཕྱོགས་དྲང་ཚུགས་མ་བྱུང་བ་དང་བྱ་སྤུ་གནོན་གྱི་སྒྲིག་འཛུགས་བརྩི་བཀུར་ཞུས་མེད་ན་གང་དང་གང་མ་ཞུས་པ་འགྲེལ་བརྗོད་ཁ་གསལ། ལས་བྱེད་བླངས་དོར་སྒྲིག་གཞི་དང་འགལ་ཡོད་ན་དོན་ཚན་གང་དང་འགལ་ཡོད་ཕྱི་གསལ་ནང་གསལ་ཞིག་ཕྱི་ལོ་༢༠༡༧ ཟླ་༡༡ པའི་ཚེས་༢༥ སྔོན་ལ་གནང་དགོས་པའི་འབོད་སྐུལ་ཞུས་པ་བཞིན། ཕྱི་ཚེས་༡༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་རྒྱའི་སྟེང་བཀའ་ཤག་ནས་དོན་ཚན་བཅུ་ཅན་གྱི་གསལ་བཤད་ཅིག་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་བརྒྱུད་གསལ་བསྒྲགས་གནང་བའི་ནང་དོན་ཐད་དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མི་མང་འདོད་བློ་མ་ཁེངས་ཤིང་། དེ་ལས་ལྷག་པ་གསལ་བཤད་གནང་རྒྱུ་མེད་ཚེ་དོན་ཚན་བཅུ་ཅན་དེའི་ནང་དོན་ལ་གཞིགས་ན་སྐུ་ཚབ་དོན་གཅོད་ཅིག་འཕོ་འགྱུར་གཏོང་དགོས་པའི་ཆ་རྐྱེན་མ་ཚང་བས། རང་དབང་ཅན་གྱི་ཞིབ་འཇུག་ཚོགས་ཆུང་ཞིག་གསར་འཛུགས་དང་ཚོགས་ཆུང་གི་སྙན་ཐོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བགྲོ་གླེང་དང་སྦྲགས་ཐག་གཅོད་གནང་དགོས་པའི་འབོད་སྐུལ་སྙན་ཞུ་རིམ་པར་ཕུལ་ཡོད་ཀྱང་། འཛིན་སྐྱོང་བཀའ་ཤག་ནས་མུ་མཐུད་མི་མང་གི་བསམ་ཚུལ་དང་རེ་འབོད་སྣང་མེད་བཏང་བར་བརྟེན་སྲིད་སྐྱོང་མཆོག་གར་ཕེབས་ས་གནས་སུ་མི་མང་ངོས་ནས་དང་བླང་ཞི་རྒོལ་རྒྱུན་མི་ཆད་པར་བྱུང་བ་མ་ཟད། སྲིད་སྐྱོང་བློ་བཟང་སེང་གེའི་བཅའ་ཁྲིམས་དང་སྒྲིག་གཞི་ཁག་ལ་ཉེས་འཛོལ་བྱུང་བའི་དཔེ་མཚོན་དོན་ཚན་བཅུ་ཅན་ལ་འཛམ་གླིང་ཤར་ནུབ་གང་སར་གནས་སྡོད་བོད་མི་བརྒྱད་སྟོང་ཙམ་གྱི་མཚན་རྟགས་བརྒྱབ་སྟེ་བློ་བཟང་སེང་གེ་སྲིད་སྐྱོང་ནས་བཟང་སྤྱོད་ཐོག་དགོང་ཞུ་དགོས་པའི་དགོས་འདུན་བཏོན་ནའང་། མི་མང་གི་མངོན་འདོད་མ་ཇི་མི་སྙམ་པར་མུ་མཐུད་དུ་སྣང་ཆུང་དང་ཁྱད་གསོད་བྱས་པར་བརྟེན་ད་ཐེངས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་འཚོགས་བཞིན་པའི་གོ་སྐབས་འདི་དང་བསྟུན་འཛམ་གླིང་ཤར་ནུབ་གང་ས་ནས་མི་མང་བཞུགས་སྒར་རྡ་རམ་སཱ་ལར་ཆེད་བཅར་གྱིས་ཞི་འབོད་ལས་འགུལ་བརྩམས་བཞིན་ཡོད་ན། གྲོས་ཚོགས་འཐུས་མི་རྣམ་པས་བོད་མི་མང་གི་འཐུས་ཚབ་མཚོན་པ་དང་། འཁུར་དུ་བབ་པའི་ལས་འགན་དང་ཁས་བླངས་པའི་དམ་བཅའ་མ་བོར་བའི་ཐོག་ནས་བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་ཉེར་དགུ་པ་ལག་བསྟར་གྱིས་བློ་བཟང་སེང་གེས་དབུ་ཁྲིད་པའི་བཀའ་ཤག་སྐབས་བཅོ་ལྔ་པ་འཕོ་འགྱུར་གཏོང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། བདེན་རྒྱབ་དང་བླངས་མི་མང་ནས་༢༠༡༨ ཟླ་༣ པའི་ཚེས་༡༦ ལ།”ཅེས་འཁོད་འདུག །

གསར་འགོད་ལྷན་ཚོགས་ཀྱི་བརྙན།

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༣༣༡ ཀློག་གྲངས།