སྲིད་སྐྱོང་དང་སྤྱི་འཐུས་བསྟན་པ་ཡར་འཕེལ་གཉིས་དགོངས་པ་ཞུ་དགོས་པའི་ངོ་རྒོལ།

ཟླ་འདིའི་ཚེས་༡༧ ནས་ཚེས་༢༤ བར་དྷ་ས་གངས་སྐྱིད་སྤོ་ལོའི་རྩེད་ཐང་དུ་ཨ་རིའི་དོན་གཅོད་སྤེན་པ་ཚེ་རིང་འཕོ་འགྱུར་དང་འབྲེལ་བའི་ངོ་རྒོལ་ལས་འགུལ་སྤེལ་གྱི་ཡོད་པ་དང་། ཁོང་ཚོས་སྲིད་སྐྱོང་བློ་བཟང་སེང་གེ་དང་སྤྱི་འཐུས་བསྟན་པ་ཡར་འཕེལ་གཉིས་ལས་གནས་ནས་དགོངས་པ་ཞུ་དགོས་པ་དང་། སྲིད་སྐྱོང་གི་ལས་དོན་གནང་ཕྱོགས་ལ་ཞིབ་འཇུག་ཚོགས་ཆུང་བཙུགས་དགོས་པའི་དགོས་འདུན་བཏོན་འདུག
ཟླ་འདིའི་ཚེས་༡༧ ནས་ཚེས་༢༤ བར་དྷ་ས་གངས་སྐྱིད་སྤོ་ལོའི་རྩེད་ཐང་དུ་ཨ་རིའི་དོན་གཅོད་སྤེན་པ་ཚེ་རིང་འཕོ་འགྱུར་དང་འབྲེལ་བའི་ངོ་རྒོལ་ལས་འགུལ་སྤེལ་གྱི་ཡོད་པ་དང་། ཁོང་ཚོས་སྲིད་སྐྱོང་བློ་བཟང་སེང་གེ་དང་སྤྱི་འཐུས་བསྟན་པ་ཡར་འཕེལ་གཉིས་ལས་གནས་ནས་དགོངས་པ་ཞུ་དགོས་པ་དང་། སྲིད་སྐྱོང་གི་ལས་དོན་གནང་ཕྱོགས་ལ་ཞིབ་འཇུག་ཚོགས་ཆུང་བཙུགས་དགོས་པའི་དགོས་འདུན་བཏོན་འདུག

ལས་འགུལ་དེའི་མགྲིན་ཚབ་པ་ནིའུ་ཡོག་ནས་ཕེབས་པའི་འཕྲིན་ལས་སྐལ་བཟང་ལ་གསར་འགོད་པས་བཅར་འདྲི་བྱས་པར། ཁོང་གིས། “སྐུ་ངོ་སྲིད་སྐྱོང་མཆོག་དང་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་བཟང་སྤྱོད་ཀྱི་ཐོག་ནས་དགོངས་པ་ཞུ་རོགས་ཟེར་གྱི་ཡོད། སྤྱི་འཐུས་ཚོར་ད་ལྟ་སྤྱི་ཚོགས་ནང་རྙོག་གྲ་མང་པོ་ཞིག་ཡོད་པ་དེ་གལ་ཆེན་པོར་གཟིགས་ཀྱི་ཡོད་ན། སུ་བདེན་པ་ཡིན་མིན་ལ་མ་ལྟོས་པར་དམིགས་བསལ་ཚོགས་ཆུང་ཞིག་བསྐོ་རོགས་གྱིས་ཟེར་གྱི་ཡོད། དེ་གཞིར་བཟུང་གིས་ཕྱག་ལས་གནང་ན་ཡག་པོ་འདུག དེ་མིན་ན་སྤྱི་ཚོགས་ནང་རྙོག་གྲ་མི་དགོས་པ་ཞིག་ཡོད་པ་དེ་ཆེ་རུ་འགྲོ་ཡི་ཡོད་པ་མཐོང་གི་འདུག་”ཅེས་གསུངས་སོང་།

གསར་འགོད་པས་ཁ་སང་སྲིད་སྐྱོང་གིས་ཚོགས་ཆུང་བཙུགས་རྒྱུ་ཁག་པོ་ཡོད་སྐོར་དང་། དཀའ་ངལ་ཡོད་ན་ཁྲིམས་ཁང་ལ་གཏུག་ས་ཡོད་སྐོར་གསུངས་ཡོད་པས། དེའི་ཐོག་བསམ་ཚུལ་གང་ཡོད་དྲིས་པར། འཕྲིན་ལས་སྐལ་བཟང་གིས། “ཁག་པོ་ཡོད་པ་རེད་ཟེར་བ་དེ་ལས་ཀ་བྱེད་འདོད་མ་བྱུང་ན་བྱེད་མི་དགོས་པའི་རྒྱུ་མཚན་བགྲང་རྒྱུ་ཡོད་རེད། བྱེད་དགོས་མིན་དང་གལ་ཆེ་མིན་ལ་གཟིགས་དགོས་མིན་གལ་ཆེན་པོ་རེད། བཀའ་ཤག་གི་དགོངས་ཚུལ་དེ་འདྲ་ཞིག་རེད་དེ། མང་གཙོའི་ཀ་བ་གསུམ་དང་། དམིགས་བསལ་ད་ཐེངས་གྲོས་ཚོགས་ནང་ནས་གཟིགས་དགོས་རེད། ཁྲིམས་ལ་གཏུག་རྒྱུ་དེ་རྙོག་གྲ་སེལ་རྒྱུར་འགན་ཁུར་དང་བསམ་བློ་མེད་པ་མཐོང་གི་ཡོད། ནང་མི་ཞིག་ཡིན་ནའང་། རྙོག་གྲ་བྱུང་ན་ཁྲིམས་ལ་གཏུག་རྒྱུ་དེ་མཐའ་མར་འཇོག་གི་རེད། ད་ལྟ་སྤྱི་ཚོགས་ནང་རྙོག་གྲ་ཞིག་ཡོང་བསྡད་ཡོད་རེད། མང་གཙོའི་གཞུང་ནང་དོན་གྱི་བདག་པོ་དེ་མི་མང་རེད།  མི་མང་གིས་ཅིག་དགོས་ཀྱི་གསུང་གི་ཡོད་ན། དེ་ལ་བདག་པོ་རྒྱག་དགོས་པ་གཞུང་གི་ལས་འགན་རེད་ལ། སྤྱི་འཐུས་རྣམ་པ་ཚོ་མི་མང་གི་སྐུ་ཚབ་རེད། རྙོག་གྲ་དགོས་ཀྱི་ཡོད་མ་རེད་ལ། རྙོག་གྲ་བྱུང་སྲིད་པ་རྣམས་ཆུང་དུ་གཏོང་རྒྱུ་དང་། མེད་པ་བཟོ་དགོས་རེད། ཁྲིམས་ཁང་ལ་གཏུག་དགོས་པ་རེད་ཟེར་བ་དེ་རྙོག་གྲ་ཆུང་དུ་གཏོང་བ་དང་མེད་པ་བཟོ་རྒྱུའི་ཐབས་ཤེས་ཤིག་མཐོང་གི་མི་འདུག ག་རེ་བྱས་ནས་ཟེར་ན། སྲིད་སྐྱོང་གིས་སྤྱི་འཐུས་གྲོས་ཚོགས་ནང་ཚོགས་ཆུང་བཙུགས་ནས་སྙན་ཐོ་བཏོན་ནའང་། དེ་ལ་བཀའ་ཤག་གིས་མོས་མཐུན་མ་བྱས་ན་གང་ཡང་བྱེད་རྒྱུ་མེད་ཨ་གསུང་གི་འདུག གལ་སྲིད་ཁྲིམས་ཁང་ལ་ཕྱིན་ནས་ཐག་གཅོད་གནང་ན་དེ་ལ་བདག་པོ་རྒྱག་པ་དང་། མོས་མཐུན་གནང་རྒྱུའི་ཀུན་སློང་ཡོད་པ་ངས་མཐོང་གི་མི་འདུག སྒང་གི་བཀའ་མོལ་གནང་སྟངས་མང་པོ་ཞིག་ལ་བལྟས་ཡོང་དུས། དཀའ་ངལ་སེལ་རྒྱུ་ད་ལྟ་སྲིད་སྐྱོང་ལ་ཀུན་སློང་མེད་པ་གསལ་པོ་རེད་བསམ་གྱི་འདུག དེ་མི་མང་གིས་མཁྱེན་དགོས་རེད་ལ། སྲིད་སྐྱོང་གི་རྒྱབ་སྐྱོར་བ་ཚོས་མཐོང་དགོས་ཀྱི་འདུག་”ཅེས་གསུངས་སོང་།

གསར་འགོད་པས་འདིར་མི་བདུན་ཅུའི་ནང་འཛོམས་འདུག དེ་ཚོ་ས་གནས་གང་དང་གང་ནས་ཡོང་མིན་དང་འགྲོ་སོང་སྐོར་ངོ་སྤྲོད་གནང་རོགས་ཞེས་དྲིས་པར། ཁོང་གིས། “མི་བདུན་ཅུས་ཚད་ཀྱི་མ་རེད། མི་ཉིས་བརྒྱ་ཙམ་ཡོད་ཀྱི་རེད། (མི་གྲངས་རྩིས་རྒྱག་སྐབས་༨༠ མ་ཟིན་ཙམ་བྱུང་ཡོད་པ་རེད།) འདི་མི་མང་ལས་འགུལ་རེད་ལ། ས་གནས་གང་སར་བྱུང་ཡོད་རེད། འདིར་ཕན་ཚུན་ངོ་ཤེས་བསམ་ཚུལ་མཐུན་པ་འཛོམས་པ་ཞིག་རེད། ད་དུང་བསམ་ཚུལ་མཐུན་པ་མང་པོ་ཞིག་ཡོང་ཐུབ་ཀྱི་ཡོད་པ་མ་རེད། གཞུང་གི་ནང་ལས་ཀ་བྱེད་མཁན་དང་སྤུུན་མཆེད་ཡོད་མཁན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ནང་ལས་ཀ་བྱེད་མཁན་ཡོད་པས་འདིར་ཡོང་རྒྱུར་དཀའ་ངལ་ཡོད་རེད། འདིར་ཨ་རི་དང་ཡུ་རོབ། རྒྱ་གར་རྡོ་རྗེ་གླིང་དང་། ལྷོ་ཕྱོགས་སོགས་ས་གནས་གང་ས་ནས་ཡོད་རེད། འགྲོ་སོང་སོ་སོས་གཏོང་དགོས་རེད་ལ། འདིར་ཕེབས་མ་ཐུབ་མཁན་ཚོས་ཞལ་འདེབས་མང་པོ་ཕུལ་ཡོད་རེད། ད་ལྟའི་ཆར་འགྲོ་སོང་སུ་གཅིག་ལ་བཏང་མེད་དེ། དཀའ་ངལ་ཡོད་མཁན་ཡོད་ན། ཞལ་འདེབས་ནང་ནས་འགྲོ་སོང་ཕུལ་རྒྱུའི་བསམ་བློ་ཡོད་”ཅེས་གསུངས་སོང་།

གསར་འགོད་པས། ཞིབ་འཇུག་ཚོགས་ཆུང་ག་འདྲ་ཞིག་དགོས་རེད་བསམ་ཡོད་མེད་སྐོར་དྲིས་པར། ཁོང་གིས། “སྤྱི་འཐུས་ཚོ་ང་ཚོས་བདམས་པའི་སྐུ་ཚབ་ཡིན་པས། ཁོང་རང་ཚོས་འགན་ཞིག་ཁུར་གྱི་རེད་བསམ་གྱི་འདུག ཁ་ཤས་ཁ་ཤས་ལ་ཕྱོགས་གཉིས་ཀར་བདེན་པ་འདྲ་པོ་ཡོང་གི་ཡོད་རེད། ད་ཐེངས་འདི་ས་དང་གནམ་གྱི་ཁྱད་པར་ཡོད་པས། ཚོགས་ཆུང་ག་འདྲ་ཞིག་བསྐོས་ནའང་། བདེན་པ་ག་རེ་ཡིན་མིན་རྩད་གཅོད་བྱེད་རྒྱུར་ཞེ་དྲག་འགོར་གྱི་རེད་བསམ་གྱི་མི་འདུག་ལ། དཀའ་ངལ་ཡོད་མ་རེད་བསམ་གྱི་འདུག་”ཅེས་གསུངས་སོང་།

གསར་འགོད་པས་སྲིད་སྐྱོང་དང་སྤྱི་འཐུས་བསྟན་པ་ཡར་འཕེལ་དགོངས་པ་ཞུ་དགོས་ཟེར་གྱི་ཡོད་པ་རེད། དེའི་རྒྱུ་མཚན་དོན་གཅོད་འཕོ་འགྱུར་སྐོར་ཡིན་པ་དང་། དངུལ་གྱི་སྐོར་ཡིན་པ་འདྲ་བོ་མང་པོ་ཞིག་འདུག གཙོ་བོ་ག་རེ་ཡིན་མིན་སྐོར་དྲིས་པར། ཁོང་གིས། “ཕྱོགས་གཅིག་ནས་བལྟས་ན་རྒྱུ་མཚན་དེ་མང་པོ་མཐོང་གི་རེད། དངུལ་གྱི་རྙོག་གྲ་དང་། འགན་ཁུར་གྱི་མེད་པ། ཆིག་སྒྲིལ། བཅའ་ཁྲིམས་དང་འགལ་གྱི་ཡོད་པ་རྒྱུ་མཚན་མང་དྲག་རེད། རྒྱུ་མཚན་དེ་ཚོ་མ་རེད་ཅེས་ཁུངས་སྐྱེལ་ཐུབ་མཁན་ད་སྔ་སུ་ཡང་བྱུང་ཡོད་མ་རེད་”ཅེས་གསུངས་སོང་།

གསར་འགོད་པས། ཁྱེད་རང་ཚོས་དགོས་འདུན་དགོངས་པ་ཞུ་རྒྱུ་དང་ཚོགས་ཆུང་བཙུགས་རྒྱུ་གཉིས་ཡིན་པས། དེ་གཉིས་ཀ་མ་བྱུང་ན། ཁྱེད་རང་ཚོར་དགོས་འདུན་གཞན་ཡོད་དམ་ཞེས་དྲིས་པར། ཁོང་གིས། “ད་ལྟའི་ཆར་སྤྱི་འཐུས་གྲོས་ཚོགས་འཚོགས་བསྡད་ཡོད་པས། དམིགས་བསལ་ཚོགས་ཆུང་བསྐོ་ཐུབ་པ་ཞིག་རེད། གྲོས་ཚོགས་ཚར་རྗེས་སྤྱི་འཐུས་ཚོ་དང་བཀའ་ཤག་གིས་ག་རེ་གསུང་གི་འདུག་ལྟ་རྒྱུ་རེད། ཉི་མ་ཉི་མར་ལྟ་རྒྱུ་རེད། ཡག་པོ་བྱུང་ན་དེ་ལ་དཔག་པ་དང་། ཡག་པོ་མ་བྱུང་ན་དེ་ལ་དཔག་པའི་ང་ཚོ་འགུལ་བསྐྱོད་རྒྱག་རྒྱུ་རེད། གནས་ཚུལ་ཞིག་བྱུང་བ་དང་དེ་ལ་དཔག་པའི་འགུལ་བསྐྱོད་རྒྱག་རྒྱུ་རེད་”ཅེས་གསུངས་སོང་།

གསར་འགོད་པས་ཞིབ་འཇུག་ཚོགས་ཆུང་བཙུགས་ནས་གྲུབ་འབྲས་ག་རེ་ཐོན་ནའང་ཁྱེད་རང་ཚོས་ངོས་ལེན་གནང་གི་རེད་དམ་ཅེས་དྲིས་པར། ཁོང་གིས། “ཞིབ་འཇུག་ཚོགས་ཆུང་བཙུགས་ནས་དངོས་ཡོད་གནས་ཚུལ་ལ་གཟིགས་ཐུབ་ན་བསམ་པའི་རེ་བ་རྒྱག་གི་ཡོད། ཡིན་ནའང་ཞིབ་འཇུག་ཚོགས་ཆུང་ག་འདྲ་ཆགས་ཀྱི་ཡོད་ད་ལྟ་ལབ་ཐུབ་ཀྱི་མི་འདུག དེའི་སྐབས་ང་རང་ཚོས་ག་རེ་དྲག་པ་དང་ག་རེ་འགན་ཡོད་པ་དེ་བྱེད་རྒྱུ་ཡིན་”ཞེས་གསུངས་སོང་།

གསར་འགོད་པས་ངོ་རྒོལ་དེའི་སྐོར་སྲིད་སྐྱོང་བློ་བཟང་སེང་གེ་ལ་བཅར་འདྲི་ཞུས་པར། ཁོང་གིས་གསུང་དོན། “༧གོང་ས་མཆོག་གིས་མང་གཙོ་གསོལ་རས་གནང་རེད། དེའི་ནང་གཏམ་བརྗོད་རང་དབང་རེད། ཡུ་རོབ་དང་ས་ཆ་གང་དུ་སོང་ནའང་སྐྱོན་བརྗོད་བྱེད་མཁན་ཚོར་ཐུགས་རྗེ་ཆེ་ཟེར་གྱི་ཡོད། ཁྱེད་རང་ཚོར་ཚོར་བ་འདུག ཡིན་ནའང་སྐྱོན་བརྗོད་གཞི་རྩ་མེད་པ་དེ་ཚོར་མོས་མཐུན་མེད། དེ་རིང་དྷ་རམ་ས་ལར་ཕེབས་ཡོད་རེད་ཟེར་གྱི་འདུག བདེ་སྲུང་ལས་ཁུངས་དང་རྒྱ་གར་འབྲེལ་ཡོད་ལས་ཁུངས་ལ་བཀའ་མོལ་གནང་ནས་ཁོ་རང་ཚོར་ལས་འགུལ་སྤེལ་སའི་ས་ཆ་སྤྲད་བཞག་ཡོད། རེ་འདུན་ག་རེ་ཡོད་ན་གསུང་ཆོག་གི་རེད། སྲིད་སྐྱོང་ལྟ་བུ་ཡིན་ན་ཐེངས་གཉིས་མི་མང་གིས་མང་གཙོའི་ལམ་ནས་འོས་བསྡུ་བྱས་ཏེ། འོས་ཚད་མཐོན་པོས་སྲིད་སྐྱོང་ལ་སླེབས་རེད། མི་མང་ལ་འགན་ཡོད་རེད། དེ་བཞིན་གྲོས་ཚོགས་ནས་བཀའ་བློན་རྣམ་པར་རྒྱབ་སྐྱོར་གནང་ནས་འདེམས་བཞག་པའི་བཀའ་ཤག་ཆགས་ཡོད་རེད། མང་གཙོའི་ལམ་ལུགས་ཐོག་བདམས་པའི་མི་ཞིག་ཡིན་དུས་མང་གཙོ་ལ་འགན་ཁུར་ནས་འགྲོ་བསྡད་ཡོད། བཀའ་ཤག་གིས་ཁོ་རང་ཚོས་གཏམ་བརྗོད་རང་དབང་ལག་བསྟར་བྱས་རེད་”ཅེས་གསུངས་སོང་།

སྤྱི་འཐུས་བསྟན་པ་ཡར་འཕེལ་ལ་བཅར་འདྲི་ཞུས་པར། ཁོང་གིས། “དེ་རིང་ཁ་ཤས་ཤིག་ངའི་མིང་དང་པར་ཁྱེར་ནས་ངོ་རྒོལ་ལ་ཡོང་ཡོད་ས་རེད། ག་རེ་གསུང་གི་ཡོད་ང་རང་གིས་ཞེ་དྲག་ཧ་གོ་ཡི་མི་འདུག གྲོས་ཚོགས་ཚོགས་དུས་བཞི་པའི་ཐོག་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམ་པ་མཛད་སྒོ་ལ་ཕེབས་ཕྱོགས་ཀྱི་ཐོག་ནས་བཀའ་མོལ་ཞིག་བྱུང་བ་རེད། དེ་དགའ་ལྡན་ཕོ་བྲང་གིས་གསལ་བཤད་དང་། གྲོས་ཚོགས་ཚོགས་གཙོས་མཇུག་བསྡོམས་ཐོག་གསུང་བཤད་གནང་ནས་གཙང་མ་གཙང་རྐྱང་ཆགས་ཚར་རེད། དེའི་ཐོག་ཡང་བསྐྱར་གསུང་གི་ཡོད་ན། གྲོས་ཚོགས་ཀྱི་ལས་རིམ་ལ་ཞིབ་ཚགས་པོ་ཞིག་གཟིགས་རོགས། དེ་མ་ཡིན་པ་ཁོ་རང་ཚོས་ག་རེ་གསུང་གི་ཡོད་ང་རང་གིས་ཤེས་མ་སོང་ཟེར་གྱི་ཡིན་”ཞེས་གསུངས་སོང་།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༣༠༠ ཀློག་གྲངས།