མང་མོས་འོས་བསྡུ་བྱེད་ཕོད་དམ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༩༠  ཕྱི་ལོ་ ༢༠༡༨/༣ /༡༤

རྒྱ་ནག་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་ཟེར་བའི་སྟེང་དུ་ཆེས་མཐོའི་དབང་འཛིན་པའི་དུས་ཡུན་ལ་ཚད་བཀག་མེད་པ་བཟོས་ཡོད་པ་དང་། དཔྱད་བརྗོད་པ་མང་པོ་ཞིག་གིས་དེ་ནི་ད་ལྟའི་སྲིད་འཛིན་ཞི་ཅིན་ཕིན་ཇི་སྲིད་འཚོ་ཡི་བར་དུ་དབང་ཆ་མཁྲེགས་འཛིན་བྱེད་ཐུབ་པའི་ལམ་ཁ་གསར་པ་ཞིག་བཟོས་པར་ངོས་འཛིན་བྱས་ཡོད་པ་དང་། གོ་སྐབས་འདི་དང་བསྟུན་ནས་སྐབས་སྔོན་མ་ཆེས་མཐོའི་རྒྱུན་ལས་མི་སྣ་ཝང་ཅི་ཧྲན་ཟེར་བ་དེ་བསྐྱར་དུ་སྲིད་འཛིན་གཞོན་པར་བསྐོ་སྲིད་པར་ཚོད་དཔག་ཀྱང་བྱེད་བཞིན་ཡོད་པ་རེད། གང་ལྟར་མི་དམངས་འཐུས་མི་ཚོགས་ཆེན་ཟེར་བར་སྤྱིའི་མི་གྲངས་༢༩༨༠ ཡོད་པ་ནས། ད་ལན་དངོས་སུ་འབྱོར་ཡོད་པ་༢༩༦༤ ཡིན་པ་དང་། རྩ་ཁྲིམས་བསྒྱུར་བཅོས་དེར་མོས་མཐུན་མི་བྱེད་མཁན་༢ དང་། འོས་ཤོག་མི་འཕེན་མཁན་༡ བཅས་བྱུང་ཡོད་ཚུལ་བསྒྲགས་འདུག ད་ལན་གྱི་གནས་ཚུལ་འདིའི་ཐོག་ནས་རྒྱབ་སྐྱོར་བྱེད་མཁན་རྣམས་ལ་ཧང་སང་དགོས་པ་དོན་མེད་ཀྱང་། རྒྱབ་སྐྱོར་མི་བྱེད་མཁན་གཉིས་ལ་ཕྱོགས་གཅིག་ནས་ཅུང་ཧང་སང་དགོས་པ་ཞིག་རེད།

རྒྱབ་སྐྱོར་མ་བྱས་ན་མི་ཆོག་པའི་ཁོར་ཡུག་ཅིག་ཏུ་དངོས་སུ་ལག་པ་གནམ་ལ་བཀྱགས་ནས་རྒྱབ་སྐྱོར་བྱེད་པའམ། ཡང་ན་ཅུང་མི་མངོན་པའི་ཚུལ་གྱིས་འོས་བླུག་ནའང་འདྲ། གང་ལྟར་བཀོད་ཁྱབ་གཅིག་གི་འོག་ལས་འདའ་ས་མེད་པ་དེ་ཡོངས་གྲགས་རེད། ད་ལན་རྒྱབ་སྐྱོར་མི་བྱེད་མཁན་གཉིས་བྱུང་བ་དེ་དོན་དངོས་སུ་རང་ཉིད་ཀྱི་བསམ་བློ་བེད་སྤྱོད་བཏང་ནས་དེ་ལྟར་བྱས་པ་ཞིག་ཡིན་ན། བསམ་བློ་གཏོང་ས་གཏན་ནས་མེད་པ་ཞིག་མིན་ཡང་། དེང་སྐབས་རྒྱ་གཞུང་གི་བྱེད་སྟངས་མང་པོ་ཞིག་རྒྱལ་སྤྱིའི་སྟེང་དུ་ཤུགས་རྐྱེན་སླེབས་ཐབས་ལ་འབད་བཞིན་ཡོད་པས། རྒྱ་ནག་མི་དམངས་འཐུས་ཚོགས་ཟེར་བ་རུ་ཅུང་རང་དབང་གི་རྣམ་པ་ཡོད་པའི་རྣམ་འགྱུར་སྟོན་ཆེད་འཁྲབ་སྟོན་དེ་ལྟ་བུ་ཞིག་བྱས་པར་མངོན། གནད་དོན་གཉིས་ཀྱི་ཐོག་ནས་བསམ་བློ་བཏང་སྟེ་ད་ལྟའི་རྒྱ་དམར་གཞུང་ལ་བལྟ་དགོས་པ་ཞིག་ཏུ་གྱུར་ཡོད། གང་ལྟར་སླར་ཡང་རྒྱ་ནག་དམར་ཤོག་གི་ཆེས་མཐོའི་དབང་འཛིན་པ་དག་གིས་མཛུབ་མོའི་གར་བསྟན་ཤར་བྱེད་པ་ལས་མི་མང་ལ་དབང་བའི་ཁོར་ཡུག་ཅིག་མེད་པ་ནི་གནད་དོན་འདི་གཅིག་པུའི་ཐོག་ནས་ར་སྤྲོད་གསལ་པོ་བྱས་ཡོད།

རྒྱ་ནག་གི་ཆབ་སྲིད་ཀྱི་གནས་སྟངས་ག་འདྲ་ཡོད་མེད་དང་། བོད་ཀྱི་གནད་དོན་ཐག་གཅོད་ཡོང་མིན་གྱི་ཐོག་ལ་འབྲེལ་བ་དམ་ཟབ་ཡོད་སྟབས། བོད་པས་ཀྱང་དེའི་སྐོར་ལ་ངེས་པར་དུ་བསམ་བློ་གཏོང་དགོས་པ་ཞིག་ཏུ་གྱུར་ཡོད། ཞི་ཅིན་ཕིན་གྱི་ལས་དུས་གཉིས་པའི་སྐབས་དབང་ཆ་བརྟན་པོ་རག་ཟིན་པ་དང་། བོད་དོན་ལ་ཐག་གཅོད་བྱེད་པའི་བསམ་བློ་ཡོད་སྲིད་པ་སོགས་ལ་བརྟེན་ནས་བོད་ཀྱི་གནད་དོན་ལ་འགྱུར་བ་ཞིག་འགྲོ་སྲིད་པའི་ཚོད་དཔག་དང་འགྲེལ་བརྗོད་བྱེད་མཁན་ཡང་ཡོད། ད་ལན་གྱི་གནས་སྟངས་འདིའི་ཐོག་ནས་ཞི་ཅིན་ཕིན་གྱི་དབང་ཆ་མཁྲེགས་འཛིན་བྱེད་པར་ཁྲིམས་ཐོག་ནས་ལམ་ཁ་བཙལ་ཟིན་པས། གནས་སྐབས་རིང་རྒྱ་ནག་མི་མང་དུང་ཕྱུར་བཅུ་གསུམ་དེ་ཁོ་རང་དང་ཁོ་རང་གི་འབྲེལ་ཡོད་ཚོས་ག་རེ་བྱེད་བྱེད་ལྟ་བུར་གྱུར་ཡོད། ཁོ་ལ་གལ་སྲིད་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་འདུན་པ་དང་བསམ་བློ་ཅུང་ཙམ་ཡོད་ན། དམར་ཤོག་གི་དཔོན་རིགས་ནང་ཁུལ་དུ་འགལ་རྐྱེན་ཆེན་པོ་བཟོ་ཐུབ་མཁན་གྱི་དཔུང་ཁག་གཞན་ཞིག་མེད་པ་དེ་ཕྱོགས་གང་ནས་བལྟས་ཀྱང་ཤེས་ཐུབ་པ་ཞིག་རེད།

འོན་ཀྱང་དོན་དངོས་སུ་ཞི་ལ་བོད་དོན་ཐག་གཅོད་བྱེད་པའི་བསམ་བློ་དང་འདུན་པ་ག་ཚོད་ཙམ་ཡོད་མེད་དེ་ཡང་འདས་པའི་ལོ་དྲུག་ཙམ་གྱི་རིང་གི་གནས་སྟངས་དང་། ད་ལྟ་སྤྱི་ཡོངས་ཀྱི་གནས་སྟངས་ལ་བལྟས་ན་སྲིད་དབང་སྒེར་འཛིན་བྱེད་རྒྱུ་ལས་ཆབ་འབངས་མི་སེར་ལ་བསམ་ཤེས་གུ་ཡངས་ཀྱི་བསམ་བློ་ཞིག་གཏན་ནས་མེད་པ་དེ་མངོན་ཡོད། དེར་བརྟེན་བོད་པའི་ངོས་ནས་ཀྱང་རེ་བ་རྒྱག་ཕྱོགས་དང་། གྲ་སྒྲིག་བྱེད་སྟངས་ལ་འགྱུར་བ་གཏོང་དགོས་མིན་བསམ་བློ་གཏོང་དགོས་པ་ཞིག་ཏུ་གྱུར་ཡོད། ལྷ་རབ་བྱུང་ན་རྒྱལ་སྤྱིའི་ཟུར་དཔང་དང་སྟངས་འཛིན་གྱི་འོག་ནས་བོད་ནང་དུ་རང་དབང་གི་ཐོག་ནས་རང་ཐག་རང་གཅོད་བྱེད་པའི་ཐབས་ལམ་ཞིག་འཚོལ་དགོས་པ་དེ་གལ་ཆེ་ཤོས་ཡིན་པ་དང་། གལ་སྲིད་བོད་ནང་དུ་བཞུགས་པའི་རྒྱ་ཆེའི་མི་མང་གི་ངོས་ནས་མུ་མཐུད་རྒྱ་དམར་གཞུང་གི་འོག་ཏུ་སྡོད་རྒྱུའི་བསམ་བློ་དང་འདུན་པ་ཡོད་ན། བཙན་བྱོལ་ནང་དུ་ཡོད་པའི་བོད་པ་རྣམས་ལ་བསམ་ཚུལ་གཞན་ཞིག་བཤད་རྒྱུའི་དབང་ཚད་མེད་པ་དེ་ཡང་གནས་ལུགས་ཀྱིས་ཐག་བཅད་པ་ཞིག་རེད།

མདོར་ན་རྒྱ་གཞུང་གིས་བོད་ནང་དུ་རང་དབང་དང་བདེ་སྐྱིད་ཡོད་པ་རྒྱལ་སྤྱིའི་སྟེང་དུ་སྒྲོག་བཞིན་ཡོད་པ་དང་། དངོས་ཡོད་གནས་ཚུལ་བོད་ནང་དུ་ག་འདྲ་ཡོང་གི་ཡོད་མེད་དེ་ཡང་ང་ཚོས་གསལ་པོ་མཐོང་བསྡད་པ་ཞིག་རེད། ཕྱོགས་གཉིས་ངོས་ནས་འགྲེལ་བརྗོད་དང་ལྟ་སྟངས་ག་འདྲ་ཡོད་མེད་དེ་གཙོ་བོ་མ་བྱས་པར། རྒྱལ་སྤྱིའི་སྟངས་འཛིན་གྱི་འོག་ནས་བོད་ནང་དུ་མང་མོས་འོས་བསྡུའི་ཁོར་ཡུག་ཅིག་ཡོད་དགོས། རྒྱ་གཞུང་གིས་ཀྱང་བོད་ནང་རང་དབང་དང་བདེ་སྐྱིད་རྒྱ་ཆེན་པོ་ཡོད་པའི་དྲིལ་བསྒྲགས་དེར་གཞི་རྩ་ཡོད་ན་མང་མོས་འོས་བསྡུའི་ཁོར་ཡུག་ཅིག་སྤོབས་པའི་ཐོག་ནས་སྤྲོད་འོས་ཤིང་། གལ་སྲིད་རྒྱ་གཞུང་ལ་ཁོར་ཡུག་དེ་སྤྲད་རྒྱུའི་སྤོབས་པ་མེད་སོང་ན་དོན་དངོས་བོད་དུ་ཡོད་པའི་བོད་མི་རྣམས་ལ་རང་དབང་ཡོད་མེད་དང་། དེ་དག་གི་བསམ་བློའི་ནང་རྒྱ་གཞུང་ལ་དགའ་ཞེན་མེད་པ་རྒྱ་གཞུང་གིས་ཤེས་ཡོད་པ་རེད། བོད་པའི་ངོས་ནས་ཀྱང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་དང་མཐུན་པ། གཞིས་བཞུགས་བོད་མིའི་བསམ་ཚུལ་ངོ་མ་དེ་ཤེས་དགོས་པས་གནད་དོན་འདིའི་ཐོག་ལ་ཤུགས་རྒྱག་དགོས་པ་དེ་དུས་སུ་བབ་པའི་བྱ་བ་ཞིག་ཏུ་གྱུར་ཡོད།།

Share this:
༩༩ ཀློག་གྲངས།