བདེ་ལེགས་སྨན་ཁང་ནས་ཊི་སྦི་རྩ་མེད་བཟོ་རྒྱུའི་ལས་གཞི་སྤེལ་བཞིན་འདུག

དྷ་ས་གངས་སྐྱིད་བདེ་ལེགས་སྨན་ཁང་དང་ཨ་རིའི་ཇོན་ཧོབ་ཀིན་གཙུག་ལག་སློབ་གཉེར་ཁང་གཉིས་མཉམ་འབྲེལ་འོག་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་ཊི་སྦི་ན་ཚ་རྩ་མེད་གཏོང་རྒྱུའི་ལས་གཞི་སྤེལ་བཞིན་པའི་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

ཟླ་འདིའི་ཕྱི་ཚེས་༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་༡༡ དང་སྐར་མ་༡༠ ཐོག་དྷ་ས་གངས་སྐྱིད་བདེ་ལེགས་སྨན་ཁང་གི་ཚོགས་ཁང་དུ། ཨ་རིའི་ཇོན་ཧོབ་ཀིན་གཙུག་ལག་སློབ་གཉེར་ཁང་དང་བདེ་ལེགས་སྨན་ཁང་གཉིས་མཉམ་འབྲེལ་ཐོག བོད་ཀྱི་བྱིས་པ་རྣམས་ལ་ཊི་སྦི་རྩ་མེད་གཏོང་བའི་ལས་གཞི་སྤེལ་མུས་ཡིན་པ་དེའི་སྐོར་ལ་གསར་འགོད་ལྷན་ཚོགས་ཤིག་དང་སྦྲགས་མཛད་སྒོ་ཞིག་འཚོགས་སོང་ཞིང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་ཕེབས་ཏེ་བདེ་ལེགས་སྨན་ཁང་གི་ཊི་ཝི་ན་ཚའི་ཐོག་སྤེལ་བའི་ལས་གཞིའི་སྐོར་གྱི་ལོ་རྒྱུས་ལྕམ་མེ་རཱི་གྷར་ཝིས་(Mary Garvey) བྲིས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།

མཛད་སྒོའི་ཐོག་མར་༧སྐུའི་བླ་སྨན་པ་དང་བདེ་ལེགས་སྨན་ཁང་གི་སྨན་པ་ས་འདུ་ཚང་ཚེ་བརྟན་གྱིས། བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་ཊི་སྦི་ནད་གཞི་དེ་ན་ཚ་གཅིག་གི་ཐོག་ནས་བཤད་ན་དཀའ་ངལ་ཆེ་ཤོས་དང་། འབོར་ཆེ་ཤོས། འདས་གྲོངས་སུ་གཏོང་མཁན་མང་ཤོས་དེ་ཆགས་ཀྱི་ཡོད་པ་དང་། ཕྱི་ལོ་༡༩༨༠ ཡས་མས་ནས་བཙན་བྱོལ་གཞུང་གིས་ཊི་སྦི་ན་ཚའི་ཐོག་ལས་གཞི་སྤེལ་ཡོད་ཀྱང་། དེའི་འགན་ཆེ་ཤོས་དེ་བདེ་ལེགས་སྨན་ཁང་གིས་འཁུར་ཡོད་སྐོར། ཕྱི་ལོ་༡༩༩༠ ཡས་མས་སུ་བཙན་བྱོལ་མི་མང་འབུམ་གཅིག་ཙམ་གྱི་ཁྲོད་དུ་ཊི་སྦི་ན་མཁན་༡༥༠༠-༢༠༠༠ བར་ཡོད་ཅིང་། དེ་ནི་བརྒྱ་ཆ་བསྡུར་ཏེ་བརྟག་ན་འཛམ་གླིང་ནས་ཊི་སྦི་ནད་པ་མང་ཤོས་གྲས་ཆགས་ཀྱི་ཡོད་སྐོར། སྐབས་དེ་དུས་ཊི་སྦི་ན་ཚ་ཚབས་ཆེ་བ་སྤྱིར་བཏང་སྨན་གྱིས་ནུས་པ་ཐོན་མ་ཐུབ་པ་དྲག་སྐྱེད་བྱུང་མཁན་བརྒྱ་ཆ་༤༧ ལས་མེད་ཀྱང་། ཕྱི་ལོ་༢༠༡༢ ལོར་བརྟག་དཔྱད་བྱེད་སྐབས་སྤྱི་ཡོངས་ནས་ཊི་སྦི་ན་མཁན་ཉུང་དུ་སོང་སྟེ་གྲངས་འབོར་༥༠༠ ནང་མར་ཟག་ཡོད་པ་དང་། ཊི་སྦི་ན་ཚ་ཚབས་ཆེ་བ་སྤྱིར་བཏང་སྨན་གྱིས་ནུས་པ་ཐོན་མ་ཐུབ་པ་དྲག་སྐྱེད་བྱུང་མཁན་བརྒྱ་ཆ་༧༥ ལ་ཡར་འཕར་ཡོད་པ། དེ་བཞིན་ཊི་སྦི་དཀྱུས་མ་ན་མཁན་བརྒྱ་ཆ་༩༥ ཙམ་དྲག་བསྐྱེད་བྱུང་ཡོད་ཅིང་། དེའི་རྒྱུ་མཚན་ནི་ལས་གཞི་ཚགས་ཚུད་དུ་སོང་བ་དང་སྨན་གཏོང་ལུགས་ཡར་རྒྱས་འགྲོ་བ་བཅས་ལ་ཐུག་ཡོད་སྐོར། གཞན་ཡང་ཁོང་གིས་ཕྱི་ལོ་༢༠༡༧ ལོར་ཁྱོན་བསྡོམས་ཊི་སྦི་ན་མཁན་༡༥༠-༡༦༠ ལས་མེད་པ་དང་། ན་ཚ་ཚབས་ཆེ་བ་སྤྱིར་བཏང་སྨན་གྱིས་ནུས་པ་ཐོན་མ་ཐུབ་པའི་ཊི་སྦི་རིགས་ན་མཁན་༥-༦ ལས་མེད་པ་དང་། དེ་དྲག་བསྐྱེད་འགྲོ་བའི་ཚད་གཞི་དེ་བརྒྱ་ཆ་༨༠ ནང་ཡར་འཕར་ཡོད་ཅིང་། དེ་ནི་སྤྱིར་བཏང་སྨན་ཁང་ཕལ་མོའི་ནང་དྲག་བསྐྱེད་འགྲོ་བའི་ཚད་གཞི་དང་བསྡུར་ན་ཚད་གཞི་མཐོན་པོ་ཡིན་པ་དང་། སྨན་ཁང་མང་ཆེ་བ་ནས་སྨན་དཀྱུས་མས་ནུས་པ་ཐོན་མ་ཐུབ་པའི་ཊི་སྦི་ན་ཚ་དྲག་སྐྱེད་འབྱུང་བའི་ཚད་གཞི་ནི་རྒྱ་ཆ་༤༠-༥༠ བར་ཡིན་སྐོར་བཅས་གསུངས་སོང་།

དེ་བཞིན་ཁོང་གིས་བོད་ཀྱི་བྱིས་པ་རྣམས་ལ་ཊི་སྦི་ན་ཚ་རྩ་མེད་གཏོང་ཐབས་ཀྱི་སྐོར་ལ་བརྗོད་དོན་དུ།“ང་ཚོས་ཊི་སྦི་ནད་པའི་གྲངས་འབོར་ལ་བལྟ་དུས་བརྒྱ་ཆ་༥༠ ལྷག་དེ་སློབ་གྲྭ་ནས་རེད་འདུག ད་ལན་ང་ཚོས་ཤུགས་སྣོན་བྱེད་ས་དེ་སློབ་གྲྭ་བྱེད་དགོས་ཀྱི་འདུག་ཟེར་ནས། བསམ་བློ་གསར་པ་ཞིག་རྙེད་ནས་ཊི་སྦི་རྩ་མེད་ཀྱི་ལས་གཞི་འདི་འགོ་བཙུགས་པ་རེད། མ་གཞི་ད་ལྟ་ཇོན་ཧོབ་ཀིན་དང་མཉམ་དུ་ང་ཚོས་དང་པོ་ཕྱི་ལོ་༢༠༠༨ ལོར་ལས་གཞི་འགོ་འཛུགས་བྱས་པ་རེད། ད་བར་ཧ་ལམ་ལོ་༡༠ ཙམ་འགྲོ་ཡི་འདུག གཙུག་ལག་སློབ་གཉེར་ཁང་འདི་འཛམ་བུ་གླིང་ནང་ནས་ཊི་སྦི་ན་ཚའི་ཉམས་ཞིབ་ཐོག་རྩེ་ཕུད་ཅིག་རེད་འདུག དེར་བརྟེན་ཁོང་ཚོ་དང་མཉམ་དུ་ལས་ཀ་བྱེད་དུས་ང་ཚོའི་ལས་གཞིའི་ཚད་མཐོ་རུ་འགྲོ་ཡི་འདུག འཛམ་བུ་གླིང་དང་རྒྱ་གར་གང་ནས་ཡིན་ན་ཡང་ང་ཚོའི་རྙེད་པའི་གྲངས་འབོར་རྣམས་མར་བཏོན་ཡོང་དུས་ཚང་མས་ངོས་ལེན་བྱས་པ་མ་ཟད། ཆེ་མཐོང་ཆེན་པོ་སྤྲོད་ཀྱི་འདུག དེར་བརྟེན་ཊི་སྦི་རྩ་མེད་གཏོང་བའི་ལས་གཞི་དེ་ན་ནིང་༢༠༡༧ ལོའི་ནང་འགོ་འཛུགས་བྱས་པ་རེད།”ཅེས་དང་། ཌོག་ཊར་སྐུ་མཆོག་རྡོ་རྗེ་ལགས་ཀྱིས་དེ་སྔོན་བདེ་ལེགས་སྨན་ཁང་དུ་ཕྱག་ལས་གནང་རྗེས་ཨ་རིར་མཐོ་སློབ་ཏུ་ཕེབས་ནས། ད་ལྟ་ཇོན་ཧོབ་ཀིན་དུ་ཕྱག་ལས་གནང་ཕྱག་ལས་གནང་གི་ཡོད་དུས། ལས་ཀ་བྱེད་ཐབས་བདེ་རུ་སོང་སྐོར་དང་། མཉམ་ལས་ཐོག་དམིགས་བསལ་གྱི་ཁྱད་ཆོས་མང་པོ་ཞིག་ཚང་ཡོད་སྐོར་སོགས་གསུངས་སོང་།

མཛད་སྒོའི་ཐོག་བདེ་ལེགས་སྨན་ཁང་གི་སྨན་པ་བསོད་ནམས་སྟོབས་རྒྱལ་གྱིས་ན་ནིང་ལོར་འགོ་འཛུགས་བྱས་པའི་ཊི་སྦི་རྩ་མེད་ཀྱི་ལས་གཞི་རིམ་པ་དང་པོའི་སྐོར་གསར་འགོད་པར་བརྗོད་དོན་དུ། བོད་ཀྱི་བྱིས་པ་རྣམས་ལ་ཊི་སྦི་རྩ་མེད་གཏོང་ཐབས་ཀྱི་ལས་གཞི་རིམ་པ་དང་པོ་དེ་ཕྱི་ལོ་༢༠༡༧ ལོའི་ཕྱི་ཟླ་༤ པའི་ནང་འགོ་འཛུགས་ཀྱིས་ཟླ་༡༠ བར་ཟླ་༦ རིང་བདེ་ལེགས་སྨན་ཁང་གི་ཊི་སྦི་རྩ་མེད་གཏོང་མཁན་གྱི་རུ་ཁག་ཅིག་སློབ་གྲྭ་༡༡ ནང་བསྐྱོད་ནས། གློ་ནད་ཊི་སྦི་དང་། ཊི་སྦི་ཡི་འབུ་གཟུགས་པོའི་ནང་ཡོད་མེད་བཅས་བརྟག་དཔྱད་བྱས་ཡོད་པ་དང་། དེའི་གྲུབ་དོན་ལ་སློབ་ཕྲུག་༥༣༨༧ དང་། དགེ་ལས་༧༩༠ བཅས་ཁྱོན་དགེ་སློབ་༦༡༧༦ ལ་བརྟག་དཔྱད་བྱས་ཡོད་པའི་ཁྲོད་ནས། གློ་ནད་ཊི་སྦི་ན་མཁན་༤༤ བྱུང་ཡོད་ཀྱང་། དེའི་ནང་རིམ་པ་གསུམ་པ་(MDR-TB) ན་མཁན་སློབ་མ་གཅིག་དང་ལས་བྱེད་གཅིག་བཅས་གཉིས་ལས་བྱུང་མེད་ཀྱང་། སློབ་གྲྭའི་ནང་དེ་འདྲའི་ནད་པ་གཉིས་ཡོད་པ་དེ་ཡང་མང་པོ་ཡིན་སྐོར་དང་།  གཞན་ཡང་བརྟག་དཔྱད་སྐབས་གཟུགས་པོའི་ཊི་སྦིའི་འབུ་སྲིན་ཡོད་ཀྱང་། ཊི་སྦི་ན་གི་མེད་པ་དང་། ཊི་སྦིའི་ནད་རྟགས་མེད་པ། གཞན་ལ་འགོས་རྒྱུ་མེད་པ། གང་ཟག་རང་ཉིད་ཀྱི་གཟུགས་པོའི་ནང་བག་ལ་ཞ་ནས་སྡོད་མཁན། ལེ་ཊེན་ཊི་སྦི་(Latent TB)ཟེར་བ་མ་འོངས་པར་ནད་འབུ་ལངས་རྒྱུའི་ཉེན་ཁ་ཡོད་པ་དེ་ཡོད་མཁན་གྱི་སློབ་མ་༨༩༩ དང་། དགེ་ལས་༣༣༣ བྱུང་ནས་ཁྱོན་ལེ་ཊེན་ཊི་སྦི་ཡོད་མཁན་༡༢༠༠ ལྷག་བྱུང་ཡོད་པ། དེ་འདྲའི་ནད་འབུ་ཡོད་མཁན་ཡོངས་རྫོགས་ལ་བདེ་ལེགས་སྨན་ཁང་གིས་སྔོན་འགོག་གི་སྨན་ཟླ་༣ རིང་བཏང་ཚར་ཡོད་པ་བཅས་སོགས་གསུངས་སོང་།

ལས་གཞི་དེའི་ཐོག་ད་ལྟ་ཇོན་ཧོབ་ཀིན་གཙུག་ལག་སློབ་གཉེར་ཁང་དུ་ཕྱག་ལས་གནང་བཞིན་པ་སྨན་པ་དཀོན་མཆོག་རྡོ་རྗེས་གསུང་དོན་དུ། ལས་གཞི་དེའི་ཕུགས་ཀྱི་དམིགས་འདུན་དེ་སྤྱི་ཚོགས་ནང་ཊི་སྦི་ན་ཚ་རྩ་མེད་གཏོང་རྒྱུ་དེ་ཡིན་སྟབས། དེ་འགྲུབ་པར་ཐབས་ལམ་གཙོ་བོ་གསུམ་ཡོད་པ་ལས། ཐབས་ལམ་དང་པོ་ནི། སྤྱི་ཚོགས་ནང་ཊི་སྦི་ཡོད་པ་ཚོ་གང་སྔ་སྔ་ལ་ཧ་གོ་བ་བྱས་ནས་དེར་སྨན་བཅོས་གང་མགྱོགས་བྱེད་ཐུབ་ན། དེའི་ཚོད་ཀྱིས་ན་ཚ་ཁྱབ་སྤེལ་འགྲོ་རྒྱུ་ཉུང་དུ་འགྲོ་རྒྱུ་ཡིན་པ་དང་། ཐབས་ལམ་གཉིས་པ་ནི། ན་ཚ་ཙམ་མ་ཡིན་པར་གཟུགས་པོའི་ནང་ལ་ནད་འབུ་ཡོད་པ་ཚོ་ཡང་གང་སྔ་སྔ་ཤེས་རྟོགས་ཐུབ་པ་བྱུང་ན། དེ་ལ་སྔོན་འགོག་གི་སྨན་སྤྲད་ཚེ་ན་ཚ་ཡར་མི་ལངས་རྒྱུར་ཕན་ཐོགས་ཀྱི་ཡོད་པ། ཐབས་ལམ་གསུམ་པ་ནི། སྤྱི་ཚོགས་ལ་སློབ་སྦྱོང་སྤྲད་ནས་གཡོ་འགུལ་གཏོང་རྒྱུ་དེ་ཡིན་པ་དང་། དེ་མ་བྱུང་ཚེ་ཊི་སྦི་ནད་གཞི་དེ་སྤྱི་ཚོགས་ཀྱི་ན་ཚ་ཞིག་ཡིན་སྟབས། དེ་སྤྱི་ཚོགས་ཀྱིས་མེད་པ་མ་བཟོས་ན་མི་ཁ་ཤས་ཀྱིས་ལས་ཀ་བྱས་ནས་མེད་པ་བཟོ་ཐུབ་ཀྱི་མེད་པ་དང་། སྤྱི་ཚོགས་ཆ་ཚང་གིས་དེ་ལ་ཤུགས་སྣོན་བྱ་རྒྱུ་གལ་ཆེན་པོ་ཡིན་པ། དེའི་སྐོར་གོ་རྟོགས་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་ཡིན་པ་བཅས་སོགས་གསུངས་སོང་བ་མ་ཟད། ཁོང་གིས་འཛམ་གླིང་གི་བྱིས་པ་ཚོའི་གནས་སྟངས་དང་འབྲེལ་ནས་གསུང་དོན་དུ་“ང་ཚོས་རྩད་གཅོད་བྱེད་དུས་ལོ་༡༥ འོག་གི་ཕྲུ་གུ་རྣམས་ལ་བྱིས་པ་ཟེར་གྱི་ཡོད་རེད། རྒྱ་གར་ལ་ཆ་མཚོན་ན་ལོ་༡༥ འོག་གི་ཕྲུ་གུ་རྣམས་ཊི་སྦི་ན་བའི་ཐོ་གྲངས་དེ་མི་འབུམ་རེའི་ནང་ནས་བྱིས་པ་༦༣ དང་། འཛམ་གླིང་ནས་མི་འབུམ་རེའི་ནང་ནས་བྱིས་པ་༥༤ ལ་ཡིན་པ་དང་། ང་ཚོའི་སྤྱི་ཚོགས་ནང་ལ་ལོ་༡༥ མན་ཆད་ཊི་སྦི་ན་མཁན་གྱི་ཐོ་གྲངས་དེ་ཕལ་ཆེར་༣༠༧ ཙམ་ལ་སླེེབས་ཀྱི་འདུག དེར་བརྟེན་དེའི་ཐོག་ནས་བཤད་ན་ང་ཚོ་གང་ལ་གང་འཚམས་མཐོ་བ་རེད་འདུག ན་ནིང་ལོར་སློབ་གྲྭ་ཁག་ལ་ང་ཚོ་ཆེད་མངགས་འགྲོ་དུས་ཊི་སྦི་ན་མཁན་བཞི་བཅུ་ཞེ་གཉིས་ཞེ་གསུམ་ཐོན་ཡོད་རེད། དེ་འདྲ་ཡིན་དུས་ད་ལྟ་ཊི་སྦི་ན་ཚ་ཡོད་མཁན་དང་། ཊི་སྦིའི་འབུ་སྲིན་ཡོད་མཁན་ཚང་མའི་ཐོ་གཞུང་ད་ལྟ་ང་ཚོའི་ལག་ཏུ་ཡོད་རེད། ང་ཚོས་དེ་ཚོར་ཞིབ་ཚགས་པོ་བྱེད་དེ་ལོ་དང་ལོར་ཕར་ཕྱིན་ནས་བརྟག་དཔྱད་བྱས་ན་ང་ཚོའི་སྤྱི་ཚོགས་འདི་ཊི་སྦི་མེད་པའི་བསྟི་གནས་ཤིག་ཆགས་མི་ཐུབ་པ་རེད་མི་འདུག ཇི་ཙམ་གྱིས་དེའི་ཐོག་ལས་ཀ་མང་བ་བྱས་ན་དེ་ཙམ་གྱིས་ཡིད་ཆེས་དང་ནུས་ཤུགས་ཆེ་རུ་འགྲོ་ཡི་འདུག དེར་བརྟེན་དེའི་ཐོག་གཅིག་བྱས་པ་ཡིན་ན་ཏན་ཏན་གཅིག་བྱེད་ཐུབ་ས་རེད་དྲན་ང་རང་ལ་ཡིད་ཆེས་སླེབས་བྱུང་།” ཞེས་སོགས་གསུངས་སོང་བ་མ་ཟད། རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་༢༠༣༥ ལོར་ཊི་སྦི་མེད་པ་བཟོ་རྒྱུའི་དམིགས་ཡུལ་འཛིན་བཞིན་ཡོད་སྐོར་དང་། དེ་ལ་དཔག་པའི་ང་རང་ཚོས་ཀྱང་ལོ་ལྟར་ཊི་སྦིའི་ན་མཁན་གྱི་གྲངས་ཀ་ཉུང་དུ་གཏོང་ཐུབ་དགོས་སྐོར་ཡང་གསུངས་སོང་།

གཞན་ཡང་མཛད་སྒོའི་ཐོག་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་གིས་དཔེ་དེབ་དབུ་འབྱེད་དང་འབྲེལ་བའི་གསུང་བཤད་དང་། དེ་བཞིན་བདེ་ལེགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་དང་། ཇོན་ཧོབ་ཀིན་གཙུག་ལག་སློབ་གཉེར་ཁང་ཊི་སྦི་ཉམས་ཞིབ་ཚན་པའི་འགན་འཛིན་སྐུ་ཞབས་རི་ཆར་ཌི་ཆའེ་སོན་(DR. Richard Chaisson)། བདེ་ལེགས་སྨན་ཁང་གི་ཊི་སྦི་ན་ཚའི་ལས་གཞིའི་སྐོར་གྱི་ལོ་རྒྱུས་དེབ་ཆུང་འབྲི་མཁན་ལྕམ་མེ་རཱི་གྷར་ཝི་(Mary Garvey)བཅས་ཀྱིས་གསུང་བཤད་གནང་སོང་།

བོད་ཀྱི་བྱིས་པ་རྣམས་ལ་གློ་ནད་རྩ་མེད་གཏོང་བའི་ལས་གཞི་ཞེས་པ་འདི་ནི་ཨ་རིའི་ཇོན་ཧོབ་ཀིན་གློ་ནད་ཉམས་ཞིབ་ལྟེ་གནས་ཁང་ནས་མཐུན་སྦྱོར་འོག་བདེ་ལེགས་སྨན་ཁང་གིས་གསར་དུ་འགོ་འཛུགས་བྱེད་བཞིན་པའི་ལས་གཞི་ཞིག་ཡིན་པ་དང་། དེ་ཡང་ཐོག་མར་ཕྱི་ལོ་༢༠༡༧ ལོའི་ཕྱི་༣ པའི་ཕྱི་ཚེས་༢༥ ནས་དྷ་ཤོད་བོད་ཁྱིམ་སློབ་གྲྭ་ནས་འགོ་འཛུགས་ཀྱིས་ཧི་མ་ཅལ་ཁུལ་གྱི་བོད་པའི་སློབ་གྲྭ་ཁག་དང་། དེ་ནས་རིམ་བཞིན་བོད་སློབ་གཞན་རྣམས་སུ་ལག་བསྟར་བྱས་ཡོད་པ་དང་། ལས་གཞི་འདི་འདྲའི་རིགས་ལ་དབྱིན་སྐད་དུ་(Active case finding) ཟེར་གྱི་ཡོད་པ་དང་། དེའི་དོན་ནི་སྨན་པས་ནད་པ་བསྒུགས་ནས་མ་བསྡད་པར་ནད་པ་བཙལ་ནས་ནད་སྐྱོབ་དུ་བསྐྱོད་པའི་དོན་ཡིན་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༣༥༩ ཀློག་གྲངས།