བོད་ནས་ཕྱི་ལ་གནས་སྐོར་དུ་འགྲོ་མཁན་ཚོ་བཀག་ཉར།

ཟླ་འདིའི་ཚེས་༢༠ ཉིན་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། བོད་ཁམས་ཕྱོགས་དར་མདོ་རྫོང་ཁོངས། ལྷ་སྒང་ཡུལ་ཚོ་རུ། རྒྱ་ནག་གཞུང་གིས་བོད་མི་ཕྱི་བསྐྱོད་ལག་ཁྱེར་བཟུང་ནས་བལ་ཡུལ་སོགས་གནས་ཆེན་ཁག་ཏུ་བསྐྱོད་མཁན་ཚོ་བཀག་ཉར་བྱེད་ཀྱི་ཡོད་འདུག

དེ་ཡང་ཟླ་འདིའི་ཚེས་༡༧ ནས་ལྷ་སྒང་ཡུལ་ཚོ་རུ་རྒྱ་ནག་གཞུང་གིས་བོད་ཀྱི་དགོན་པ་ཁག་གི་དགོན་བདག་བསྐོངས་ནས་ཚོགས་འདུ་ཞིག་འཚོགས་ཡོད་པ་དང་། དེ་རྗེས་ཡུལ་ཚོའི་དེའི་འོག་བོད་མི་ཕྱི་བསྐྱོད་ལག་ཁྱེར་བཟུང་ནས་བལ་ཡུལ་སོགས་གནས་ཆེན་ཁག་ཏུ་བསྐྱོད་མཁན་ཚོར་སློབ་གསོ་གཏོང་དགོས་ཞེས་བཀག་ཉར་བྱས་ཡོད་པ་ཟད། དར་མདོ་རྫོང་ཁོངས་སྤྱི་ཡོངས་ལ་སྲིད་ཇུས་ལག་བསྟར་བྱས་ནས། སློབ་གསོ་གཏོང་སར་འབོད་འགུག་གིས་བཀག་ཉར་འོག་ཡོད་མཁན་མི་༦༠ ཙམ་ཡོད་འདུག

རྐང་ཐང་དུ་ལྷ་སར་གནས་སྐོར་ལ་འགྲོ་མཁན་བོད་མི་ཚོ་བཀག་འགོག་བྱེད་ཀྱི་ཡོད་པ་མ་ཟད། ཉིན་རེར་རྒྱ་རྒོར་སུམ་སྟོང་རེ་ཉེས་ཆད་དགོས་སྐོར་དང་། བོད་ཕྱི་ཕྱོགས་སུ་གནས་སྐོར་ལ་འགྲོ་མཁན་ཚོས་ཉེས་པ་ཚབས་ཆེན་བསག་ཡོད་པས། བཙོན་འཇུག་བྱེད་སྲིད་སྐོར་གྱི་འཇིགས་སྐུལ་བྱས་ཡོད་པ་ཟད། ཕྱི་བསྐྱོད་ལག་ཁྱེར་ཕྱིར་བསྡུ་བྱས་ཡོད་འདུག

༢༠༡༧ ལོར་༧གོང་ས་མཆོག་གིས་རྡོར་གདན་དུ་དུས་འཁོར་དབང་ཆེན་གནང་སྐབས། བོད་ནས་དབང་ཞུ་སར་ཡོང་མཁན་ཚོ་ཡང་བཀག་ཉར་དང་ཕྱི་བསྐྱོད་ལག་ཁྱེར་ཕྱིར་བསྡུ་བྱས་ཡོད་པ་དང་། དར་རྩེ་མདོ་ལྷ་སྒང་ཡུལ་ཚོའི་ཁོངས་ནས་དེའི་སྐབས་ཉིན་༧༠ ཙམ་རེར་བཀག་ཉར་བྱས་ཡོད་ནའང་། དེའི་སྐབས་རྡུང་རྡེག་བཏང་བའི་རིགས་བྱུང་མེད་སྐོར་འདུག་མོད། ད་ཐེངས་རྡུང་རྡེག་ཀྱང་གཏོང་གི་ཡོད་པའི་གནས་ཚུལ་འདུག

དེང་སྐབས་ས་གནས་དེའི་ལམ་ཟུར་དང་རྡོ་ངོས་སུ་མ་ཎི་དང་སྐུ་འདྲ་འབྲི་བ་སོགས་བྱེད་ཆོག་གི་མེད་པ་མ་ཟད། ལྷ་སྒང་ཡུལ་ཚོ་ནས་སྤྱི་ལེ་༢༠ ཙམ་གྱི་མཚམས་སུ་རྫ་མོ་འགག་ཕྲེང་ཞེས་པའི་ས་ཆ་དེར་རྡོ་ཡག་པོ་ཡོད་པ་རྒྱ་གཞུང་གིས་དབོར་འདྲེན་བྱེད་ཀྱི་ཡོད་པ་དང་། ས་གནས་བོད་མིས་ཁང་པ་རྒྱག་བྱེད་སོགས་བེད་སྤྱོད་གཏོང་གི་ཡོད་པས། བླ་མ་ཞིག་གིས་རྡོ་ཐོག་ཏུ་ལྷ་སྐུ་བཞེངས་ཡོད་པ་དེའི་རིགས་མི་ཆོག་སྐོར་ཡང་རྒྱ་ནག་གཞུང་གིས་བརྗོད་ཡོད་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༤༥༩ ཀློག་གྲངས།