བོད་ཀྱི་ཐ་སྙད་གསར་བའི་འགྲན་སྡུར་དགོང་ཚོགས།

ཟླ་འདིའི་ཚེས་༢༣ ཉིན་གྱི་དགོང་མོ་རྒྱ་གར་ཝཎ་དབུས་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཨ་ཏི་ཤ་ཚོགས་ཁང་དུ་ཝཎ་མཐོ་སློབ་དང་བྷེན་དྷར་དགེ་འོས་མཐོ་སློབ། བྷ་ནཱ་རཱ་སི་ཧིན་དྷུ་མཐོ་སློབ་ཀྱི་བོད་རིགས་སློབ་མ་བཅས་མཐོ་སློབ་གསུམ་ལས་གྲུབ་པའི་བོད་ཀྱི་ཐ་སྙད་གསར་བའི་དངོས་གཞིའི་འགྲན་སྡུར་སྒྱུ་དགོང་ཚོགས་ཤིག་བྷ་ནཱ་རཱ་སི་བོད་རིགས་སློབ་ཕྲུག་མཐུན་ཚོགས་ཀྱི་གོ་སྒྲིག་འོག་འཚོགས་ཡོད་པ་རེད།

ཤེས་རབ་ཆོས་འཕེལ་གྱིས་ས་གནས་ནས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། མཛད་སྒོའི་སྐུ་མགྲོན་གཙོ་བོར་ཝཱཎ་དབུས་བོད་ཀྱི་མཐོ་སློབ་ཁང་གི་སློབ་དཔོན་རྒན་བློ་བཟང་ནོར་བུ་ཤྭིཐརི་དང་། སློབ་དཔོན་ཆེན་མོ་རྒན་ལྷག་པ་ཚེ་རིང་གཉིས་ཕེབས་ཡོད་འདུག གོ་སྒྲིག་ཚོགས་ཆུང་དང་བྷ་ནཱ་རཱ་སི་སློབ་ཕྲུག་མཐུན་ཚོགས་ཀྱི་ཤེས་ཡོན་འགན་འཛིན་འཕྲིན་ལས་འོད་ཟེར་གྱིས་ཐ་སྙད་འགྲན་སྡུར་འདི་གོ་སྒྲིག་བྱེད་དགོས་པའི་དགོས་པ་དམིགས་ཡུལ་དང་དེའི་གལ་གནད་རང་བཞིན་ཐད་ངོ་སྤྲོད་མདོར་བསྡུས་བྱས་ཡོད་པ་དང་། དེ་བཞིན་ཝཎ་མཐོ་སློབ་ཀྱི་སློབ་དཔོན་ཆེན་མོ་རྒན་ལྷག་པ་ཚེ་རིང་གིས་སྐད་ཡིག་སྲུང་སྐྱོབ་ཀྱི་དགོས་མཁོ་དང་གལ་གནད། སྤྲགས་སྐད་དང་བསྲེས་སྐད་ཀྱི་ཉེས་དམིགས། མི་རིགས་འདི་ཆགས་འཇུག་གནས་སྐབས་འདིར་བོད་མི་ཡོད་དོ་ཅོག་ལ་ཕྲག་ཏུ་བབས་པའི་འོས་ཆེན་པོ་ཞིག་ཡོད་པ་ནི་མི་རིགས་ཀྱི་བླ་སྲོག་ཏུ་ངོས་འཛིན་ཆོག་པའི་སྐད་དང་ཡི་གེ་འདི་རྒྱུན་འཛིན་དང་ཉར་ཚགས་བྱེད་རྒྱུ་དེ་ཡིན་སྐོར་གྱི་གསུང་བཤད་གནང་ཡོད་པ་རེད།

ཐ་སྙད་འགྲན་སྡུར་གྱི་གྲུབ་ཆ་གསུམ་ནི་རི་མོ་ལ་བལྟས་ནས་མིང་ངོས་འཛིན་པ་དང་མིང་ལ་བལྟས་ནས་རི་མོ་ངོས་འཛིན་པ། ཀ་ཁའི་སྒམ་ཆུང་གདམ་སྟེ་གྲངས་ལྟར་ཐ་སྙད་གསུམ་ཐོབ་པར་བརྗོད་པ་དོན་ལྡན་རེ་སྐར་ཆ་བཅུའི་ནང་ཚུན་བཟོ་རྒྱུ་བཅས་ཡིན་འདུག་ལ། གཞས་སྣ་འཁྲབ་སྟོན་གྱི་ཁོངས་སུ་མཉམ་གཞས་ཞིག་དང་རྐྱང་གཞས། སྙན་ངག་གྱེར་འདོན་སོགས་ཡོད་པ་རེད། ་སྐུ་མགྲོན་གཙོ་བོ་བློ་བཟང་ནོར་བུ་ཤྭི་ཋི་རིས་བོད་ཀྱི་སྐད་ཡིག་གི་རིན་ཐང་དང་དེའི་གཏིང་ཚད། ལྷག་པར་སྔོན་ནས་ཡོད་བསྡད་པའི་ཐ་སྙད་གྲངས་ལས་འདས་པ་ཞིག་དེང་སྐབས་བེད་སྤྱོད་མེད་པར་ཕྱིན་ཟིན་པ་སོགས་ཀྱི་ཐད་སྐྱོན་བརྗོད་བྱས་ཤིང་། བོད་ཀྱི་བཅུ་ཕྲག་རིག་པའི་གནས་དང་དེའི་རྒྱབ་རྟེན་ནམ་སྲོག་རྩ་ལྟ་བུར་གྱུར་བའི་བོད་ཀྱི་སྐད་དང་ཡི་གེ་འདི་ཉིད་བོད་མི་ཀུན་གྱིས་གལ་ཆེན་དོན་ཆེན་ངང་གཅེས་སྐྱོང་དང་རྒྱུན་འཛིན་ལེགས་པོ་བྱེད་དགོས་ཚུལ་གསུངས་ཡོད་པ་རེད།

སྔོན་འགྲོའི་འགྲན་སྡུར་དེ་ཕྱི་ཟླ་༣ ཚེས་༡༥ ལ་འཚོགས་པ་དང་། སྐབས་དེར་སློབ་མ་བདུན་བཅུ་ཙམ་མཉམ་ཞུགས་བྱས། དེའི་ཁྲོད་རྩེ་ཕུད་སློབ་མ་བཅུ་གཉིས་གདམས་ནས་མཐའ་མའི་འགྲན་སྡུར་སྐོང་ཚོགས་བྱས་ཡོད་པ་རེད།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༢༧༢ ཀློག་གྲངས།