བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་རྒྱ་ནག་ལ་འབྱོར་ཡོད་སྲིད་པའི་དོགས་སློང་བྱེད་བཞིན་འདུག

བྱང་ཀོ་རི་ཡའི་དམིགས་བསལ་མེ་འཁོར་ཞིག རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འབྱོར་བའི་རྐྱེན་གྱིས། དེའི་ནང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨོན་ཡོད་སྲིད་པའི་ཚོད་དཔག་དང་དོགས་སློང་བྱེད་མཁན་མང་པོ་ཡོད་འདུག་ཀྱང་། ད་ལྟའི་ཆར་གནས་ཚུལ་དེ་ཁུངས་སྐྱེལ་ཐུབ་ཀྱི་མེད་པ་རེད།

ཟླ་༣ པའི་ཚེས་༢༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༣ པའི་ཚེས་༢༦ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་གི་མེ་འཁོར་འབབ་ཚུགས་ཤིག་ཏུ། བྱང་ཀོ་རི་ཡའི་དམིགས་བསལ་མེ་འཁོར་ཞིག བདེ་འཇགས་ཀྱི་ཚད་གཞི་མཐོན་པོའི་འོག་འབྱོར་ཡོད་པ་དང་། དེ་རྗེས་པེ་ཅིང་ནང་དེ་སྔོན་བྱང་ཀོ་རི་ཡའི་འགོ་ཁྲིད་འདས་པོ་ཀེམ་ཇོང་ཨེལ་བསྡད་མྱོང་བའི་གཞུང་གི་མགྲོན་ཁང་དུ། མཐོ་རིམ་མི་སྣ་ཕེབས་སྐྱེལ་བྱེད་པའི་རླངས་འཁོར་མང་པོ་ཞིག བདེ་འཇགས་ཀྱི་ཚད་གཞི་མཐོན་པོའི་འོག་སླེབས་ཡོད་པའི་གནས་ཚུལ་ཐོན་རྗེས། བརྒྱུད་ལམ་མང་པོ་ཞིག་ཐོག་ཏུ། མེ་འཁོར་དེའི་ནང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་སླེབས་ཡོད་སྲིད་པའི་དོགས་སློང་བྱེད་བཞིན་ཡོད་འདུག་པ་དང་། དེ་བཞིན་བྱང་ཀོ་རི་ཡའི་དམིགས་བསལ་མེ་འཁོར་དེའི་ནང་། ཕྱི་ལོ་༢༠༡༡ ལོར་བྱང་ཀོ་རི་ཡའི་འགོ་ཁྲིད་འདས་པོ་ཀེམ་ཇོང་ཨེལ་བསྡད་ནས་རྒྱ་ནག་ཏུ་སླེབས་ཡོད་འདུག

ད་ལྟའི་ཆར་རྒྱ་ནག་གི་འབྲེལ་ཡོད་ལས་བྱེད་ཚོས། གནད་དོན་དེའི་སྐོར་གང་ཡང་ཤེས་ཀྱི་མེད་སྐོར་བརྒྱུད་ལམ་ཁག་ཏུ་བརྗོད་ཡོད་འདུག་པ་དང་། དེ་སྔོན་ཕྱི་ལོ་༢༠༡༡ ལོར་ཀེམ་ཇོང་ཨེལ་རྒྱ་ནག་ཏུ་སླེབས་སྐབས་ཀྱང་། ཁོང་ཕྱིར་ལོག་བྱས་ཚར་རྗེས་མ་གཏོགས་སྐོར་བསྐྱོད་ཀྱི་གནས་ཚུལ་དེ་གསལ་པོ་བཟོས་མེད་པ་རེད། བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་ལ་ལྷོ་ཀོ་རི་ཡའི་སྲིད་འཛིན་མཱོན་ཇེ་ཨེན་དང་ཟླ་༤ པའི་ནང་དང་། དེ་བཞིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་ཟླ་༥ པའི་ནང་ལྷན་ཚོགས་འཚོག་རྒྱུའི་འཆར་གཞི་ཡོད་པས། དཔྱད་བརྗོད་པ་མང་པོ་ཞིག་གིས་མེ་འཁོར་དེའི་ནང་ཀེམ་ཇོང་ཨན་མེད་སྲིད་ཀྱང་། ཁོང་གི་གཅུང་མོ་དེ་སྐུ་ཚབ་ཀྱི་ངོ་བོའི་ཐོག གལ་ཏེ་འཚོག་ལ་ཉེ་བའི་བྱང་ཀོ་རི་ཡའི་ལྷན་ཚོགས་དེ་གཉིས་ལམ་ལྷོང་མ་བྱུང་ཚེ། རྒྱ་ནག་གིས་མུ་མཐུད་ནས་བྱང་ཀོ་རི་ཡར་རྒྱབ་སྐྱོར་བྱེད་པ་དང་དཔལ་འབྱོར་གྱི་ཉེས་ཆད་ཡང་དུ་གཏོང་བའི་ཁས་ལེན་ཐོབ་ཆེད་སླེབས་ཡིན་སྲིད་སྐོར་བརྗོད་བཞིན་འདུག

ཨ་རི་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་གནད་དོན་དེ་དང་འབྲེལ་ནས། ཀེམ་ཇོང་ཨན་རྒྱ་ནག་ལ་སླེབས་ཡོད་མེད་ངེས་གཏན་བཟོ་ཐུབ་ཀྱི་མེད་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༤༥༩ ཀློག་གྲངས།