ཀེམ་ཇོང་ཨན་དང་ཞི་ཅིན་ཕིང་གཉིས་ཐེངས་དང་པོའི་ཐུག་འཕྲད།

བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཐེངས་དང་པོར་ཐུག་འཕྲད་བྱས་འདུག་པ་དང་། ཀེམ་གྱིས་ཐུག་འཕྲད་དེས་ཕྱོགས་གཉིས་བར་གྱི་རྒྱུན་རིང་གི་འབྲེལ་ལམ་དེ་མཐོང་ཆེན་སྤྲོད་ཀྱི་ཡོད་པ་སྟོན་ཆེན་ཡིན་སྐོར་བརྗོད་འདུག

ཟླ་༣ པའི་ཚེས་༢༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ། ཉེ་ཆར་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བྱང་ཀོ་རི་ཡའི་འགོ་ཁྲིད་སླེབས་ཡོད་པའི་དོགས་སློང་གི་གནས་ཚུལ་ཁྱབ་ཆེན་པོ་སྤེལ་ཡོད་པ་དང་། ཟླ་༣ པའི་ཚེས་༢༨ ཉིན་རྒྱ་ནག་དང་བྱང་ཀོ་རི་ཡའི་གཞུང་འབྲེལ་བརྒྱུད་ལམ་ཁག་གིས། ཀེམ་ཇོང་ཨན་དང་ཁོང་གི་བཟའ་ཟླ་གཉིས་ཟླ་༣ པའི་ཚེས་༢༥ ཉིན་པེ་ཅིང་དུ་ཀེམ་གྱི་ནང་མིའི་དམིགས་བསལ་མེ་འཁོར་བརྒྱུད་པེ་ཅིང་དུ་བསྐྱོད་ཡོད་པ་དང་། དེ་གར་ཉིན་གཉིས་བསྡད་ཡོད་སྐོར་ངེས་གཏན་དང་འགོ་ཁྲིད་གཉིས་ཐུག་འཕྲད་ཡོང་ཁྱབ་བྱས་ཡོད་པ་རེད།

ཀོ་རི་ཡའི་མཚོ་གླིང་ཁུལ་དུ་ཞི་བདེའི་རྣམ་པ་ཞིག་ཐོན་བཞིན་ཡོད་པ་དང་བསྟུན་ནས། བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་གྱིས་འབྱུང་འགྱུར་གྱི་ཟླ་བ་གཉིས་ནང་ལྷོ་ཀོ་རི་ཡ་དང་ཨ རིའི་འགོ་ཁྲིད་གཉིས་ལ་ཐུག་འཕྲད་བྱ་རྒྱུ་གཏན་འཁེལ་བྱས་ཡོད་པ་རེད། དེ་ཡང་ཟླ་༤ པའི་ནང་ལྷོ་ཀོ་རི་ཡའི་སྲིད་འཛིན་མཱོན་ཇེ་ཨེན་དང་ལྷན་ཚོགས་ཤིག་ཐོག་ཐུག་འཕྲད་བྱ་རྒྱུ་དང་། ཨ་རིའི་སྲིད་འཛིན་ཊོམ་གྱིས་ཁས་ལེན་བྱས་པ་ལྟར་ཁོང་གཉིས་ཟླ་༥ པའི་ནང་ཐུག་འཕྲད་བྱ་རྒྱུ་ཡིན་པ་རེད། འོན་ཀྱང་རྒྱ་ནག་ནི་བྱང་ཀོ་རི་ཡའི་རྒྱུན་རིང་གི་མཐུན་ཕྱོགས་དང་ཚོང་འབྲེལ་བྱེད་ཡུལ་ཆེ་ཤོས་དེ་ཆགས་ཀྱི་ཡོད་པས། ཐོག་མར་རྒྱ་ནག་ཏུ་བསྐྱོད་ནས་ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་དང་། སླེབས་ལ་ཉེ་བའི་གལ་ཆེའི་མཐུན་ཚོགས་དང་ཐུག་འཕྲད་གཉིས་ཀྱི་སྐོར་ལ་གླེང་མོལ་བྱས་ཡོད་པ་རེད།

ཐུག་འཕྲད་དེ་ནི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་གདན་ཞུ་ལ་བརྟེན་ནས་བྱུང་བ་ཡིན་འདུག་པ་དང་། ཀེམ་ལ་ཚད་མཐོའི་ཕེབས་བསུ་དང་གསོལ་སྟོན་གོ་སྒྲིག་བྱས་ཡོད་ཁར། རྒྱ་ནག་གི་སྲིད་འཛིན་གཙོས་མཐོ་རིམ་དཔོན་རིགས་མང་པོ་ཞིག་དང་ཐུག་འཕྲད་བྱས་ཡོད་འདུག

རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཤྭིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཀེམ་ཇོང་ཨན་གྱིས་ཆ་རྐྱེན་ཁག་ཅིག་ཡོད་པའི་ཐོག་ནས་བྱང་ཀོ་རི་ཡའི་རྡུལ་མཚོན་ལས་གཞི་མཚམས་འཇོག་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་དང་། ཀོ་རི་ཡའི་མཚོ་གླིང་ཁུལ་དུ་རྡུལ་མཚོན་མེད་པ་བཟོ་བའི་གནད་དོན་དེ་སེལ་བར། ཨ་རི་དང་ལྷོ་ཀོ་རི་ཡ་གཉིས་ནས་བྱང་ཀོ་རི་ཡའི་འབད་བརྩོན་ལ་སྐུལ་སློང་བཟང་པོའི་ཐོག་ཡ་ལན་བྱེད་ནས། ཁུལ་དེར་ཞི་བདེ་དང་བརྟན་ལྷིང་གི་ལས་གཞི་ཡར་ཐོན་དང་དུས་མཉམ་ཐོག་སྤེལ་དགོས་པ་ཡིན་སྐོར་བརྗོད་ཡོད་པ་དང་། དེ་བཞིན་ཀེམ་ཇོང་ཨན་ཕྱི་ལོ་༢༠༡༡ ལོར་འགོ་ཁྲིད་ཆགས་རྗེས། ཕྱིའི་རྒྱལ་ཁབ་ཁག་ཏུ་སྐོར་བསྐྱོད་ཐེངས་དང་པོ་དེ་རྒྱ་ནག་ཏུ་སླེབས་དགོས་དོན་ནི། ཁོང་གིས་ཕྱོགས་གཉིས་བར་གྱི་རྒྱུན་རིང་གི་འབྲེལ་ལམ་ལ་མཐོང་ཆེན་སྤྲོད་ཀྱི་ཡོད་པས་ཡིན་སྐོར་བརྗོད་ཡོད་འདུག

དཔྱད་བརྗོད་པ་ཁག་ཅིག་གིས་ཀེམ་ཇོང་ཨན་གྱིས་རྒྱལ་སྤྱིའི་ཐོག་ཏུ། དེ་སྔོན་དང་མི་འདྲ་བར་ཞི་བདེ་ལྷིང་འཇགས་ལ་འབད་མཁན་གྱི་འགོ་ཁྲིད་ཅིག་ཡིན་པའི་རྣམ་པ་སྟོན་ཐབས་བྱེད་བཞིན་ཡོད་སྐོར་བརྗོད་འདུག

གལ་ཏེ་ཨ་རིའི་སྲིད་འཛིན་དང་ཀེམ་ཇོང་ཨན་གཉིས་ཀྱི་ཐུག་འཕྲད་དེ་དངོས་སུ་བྱུང་ཚེ། དེ་ནི་ཨ་རིའི་སྲིད་འཛིན་ལས་ཐོག་ཅིག་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཅིག་ཐུག་འཕྲད་བྱས་པ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་རེད།

ཨ་རིས་རྒྱ་ནག་གིས་ཕྱོགས་གཉིས་བར་གྱི་ཐུག་འཕྲད་དེའི་སྐོར་ཟླ་༣ པའི་ཚེས་༢༧ ཉིན་བརྡ་ལན་སྤྲད་ཡོད་སྐོར་དང་། ཐུག་འཕྲད་དེས་ཨ་རིས་རྒྱུན་རིང་བྱང་ཀོ་རི་ཡར་དཔལ་འབྱོར་སོགས་ཀྱི་ཉེས་ཆད་བཏང་ནས། གནོན་ཤུགས་གང་ཡོད་སྤྲད་པའི་ལས་འགུལ་དེས་བྱང་ཀོ་རི་ཡ་དང་གྲོས་མོལ་བྱེད་པའི་ཁོར་ཡུག་ཅིག་བསྐྲུན་གྱི་ཡོད་པའི་དཔང་རྟགས་ཡིན་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༨༥ ཀློག་གྲངས།