སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ།

༧རྒྱལ་མཆོག་སྐུ་ཕྲེང་༡༣ པས་སྨན་རྩིས་ཁང་གསར་འཛུགས་བྱས་ནས་ལོ་ངོ་༡༠༢ དང་། བཙན་བྱོལ་དུ་འབྱོར་རྗེས་དྷ་སར་༧རྒྱལ་མཆོག་སྐུ་ཕྲེང་༡༤ པས་བསྐྱར་གསོ་གནང་ནས་ལོ་ངོ་༥༧ འཁོར་བའི་དུས་དྲན་མཛད་སྒོ་ཞིག་འཚོགས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༨ ཉིན་དྷ་ས་བོད་ཀྱི་སྨན་རྩིས་ཁང་གི་ཚོགས་ཁང་དུ་རྒྱལ་ས་ལྷ་སར་༧རྒྱལ་མཆོག་སྐུ་ཕྲེང་༡༣ པས་སྨན་རྩིས་ཁང་གསར་འཛུགས་བྱས་ནས་ལོ་ངོ་༡༠༢ དང་། བཙན་བྱོལ་དུ་འབྱོར་རྗེས་དྷ་སར་༧རྒྱལ་མཆོག་སྐུ་ཕྲེང་༡༤ པས་བསྐྱར་གསོ་གནང་ནས་ལོ་ངོ་༥༧ འཁོར་བའི་དུས་དྲན་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་གིས་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། ༧སྐུ་བཅར་སྨན་པ་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་སྐུ་ཚབ་རྣམ་པ། སྨན་རྩིས་ཁང་གི་འགན་འཛིན་རྣམ་པ་དང་དགེ་ལས་སློབ་ཕྲུག་སོགས་མི་མང་བརྒྱ་ཕྲག་མང་པོའི་དབུས་སུ་ཐོག་མར་ཞབས་བྲོ་ཁག་ཅིག་གཟིགས་འབུལ་ཞུས་ཏེ་མཛད་སྒོ་དབུ་འཛུགས་གནང་སོང་།

དེའི་རྗེས་མཛད་སྒོའི་སྐབས་དྷ་ས་སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་གིས་ལས་བསྡོམས་སྙན་སྒྲོན་གནང་བ་ལྟར་ན། སྨན་རྩིས་ཁང་གི་ལས་འགན་གལ་ཆེ་ཤོས་ནི་༧གོང་ས་མཆོག་གི་སྐུའི་འཕྲོད་བསྟེན་གྱི་ཞབས་ཞུ་ལས་ལྷག་པ་མེད་སྟབས། རྒྱུད་གཞུང་མན་ངག་དང་མཐུན་པར་སྦྱོར་འབུལ་ཞུ་མུས་ཡིན་ཁར་རྩིས་རིག་སྡེ་ཚན་ནས་སྐུའི་དགུང་སྐེག་འཕྲོད་སྦྱོར་སོགས་འབུལ་ལམ་ཆད་མེད་ཞུ་བཞིན་ཡོད་སྐོར་གསུངས་སོང་།

དེ་བཞིན་ཁོང་གིས་མུ་མཐུད། ད་ལྟའི་ཆར་ངོ་བོ་དང་ལས་འགན་གྱི་ཐོག་ནས་སྨན་རྩིས་ཁང་དུ་འཛིན་སྐྱོང་ཁོངས་སྡེ་ཚན་༡༡ དང་། རིག་གཞུང་ཁོངས་སྡེ་ཚན་༡༡ བཅས་ཁྱོན་སྡེ་ཚན་༢༢ དང་། འཛིན་སྐྱོང་ཚགས་ཚུད་དང་མཉམ་རུབ་ཆེད་སྒྲིག་གསལ་ལས་ཀའི་ངོ་བོའི་ཆ་ནས་དབང་ཚད་བགོ་འགྲེམས་བྱས་པའི་ཚོགས་ཆུང་ཁག་༩ བཅས་ཡོད་པ་དང་། དེའི་ཁྲོད་ནས་སྨན་པ་གཙོ་བོ་ཚོགས་གཙོ་ཡིན་པའི་ཆེས་མཐོའི་སྨན་རྩིས་ལྷན་ཚོགས་ནི་ཚོགས་ཆུང་གལ་ཆེ་ཤོས་དེ་ཡིན་སྐོར། མིའི་ནུས་ཤུགས་གོང་འཕེལ་སྡེ་ཚན་ཁོངས་ལས་བྱེད་དང་། ལས་མི། སློབ་མ་བཅས་ཀྱི་གྲངས་ཀའི་རྣམ་གྲངས་ནི། སྐྱེས་པ་སྨན་པ་༦༩ དང་བུད་མེད་སྨན་པ་༤༨། ཆོད་གན་སྨན་པ་༦། སྐར་རྩིས་པ་སྐྱེས་པ་༨ དང་བུད་མེད་༧། ཉམས་གསོག་སྨན་པ་སྐྱེས་པ་༢༤ དང་བུད་མེད་༢༤། ཉམས་གསོག་སྐར་རྩིས་པ་སྐྱེས་པ་༣ དང་བུད་མེད་༣། སྐར་རྩིས་སློབ་མ་བུ་༡༠ དང་བུ་མོ་༡༤། འཛིན་སྐྱོང་ལས་བྱེད་སྐྱེས་པ་༡༧༢ དང་བུད་མེད་༡༥༡། འཛིན་སྐྱོང་ཆོད་གན་ལས་བྱེད་སྐྱེས་པ་༤༦ དང་བུད་མེད་༡༦། ལས་མི་༤༨ སྐྱེས་པ་༤༨ དང་བུད་མེད་༤༦། ཚོད་ལྟའི་ལས་བྱེད་སྐྱེས་པ་༢ དང་བུད་མེད་༣ བཅས་ཁྱོན་སྐྱེས་པ་༤༣༠ དང་བུད་མེད་༣༥༡ ཡོད་འདུག་པ་དང་། གཞན་ཡང་དམིགས་བསལ་དགོས་མཁོ་ཅན་རྣམས་ལ་ཟླ་རེར་ཧིན་སྒོར་འབུམ་༣༥ སྨན་རིན་ཕྱེད་བཅག་གི་ཐོག་ནས་ཞབས་ཞུ་སྒྲུབ་ཀྱི་ཡོད་འདུག་པ་མ་ཟད། ནད་རིགས་སྔོན་འགོག་དང་། རྒྱ་ཡིག་སྡེ་ཚན། སྦེང་ལོར་མཐོ་སློབ། སྨན་དང་ཐོན་སྐྱེད་སྤུས་ཚད་སྟངས་འཛིན་ཚོགས་ཆུང་། བཙོ་ཐལ། སེམས་ཁམས་འཕྲོད་བསྟེན། ཕྱི་རྒྱལ་ཁག་ཏུ་སྐོར་བསྐྱོད་ཀྱི་ལས་རིམ། ནད་རིགས་བྱེ་བྲག་ཐོག་འོད་ལྡེར་བཟོ་རྒྱུ། སྨན་རྩིས་ཐོན་སྐྱེད་ལེ་སྒྱུར་བཅས་ཀྱི་ལས་བསྡོམས་སྐྱོར་སོང་།

དེ་ནས་སྨན་རྩིས་ཁང་དཔེ་དེབ་ཞིབ་འཇུག་དང་དཔེ་སྐྲུན་སྡེ་ཚན་གྱིས་བཏོན་པའི་དཔེ་དེབ་ཁག་ཅིག་དབུ་འབྱེད་གྲུབ་མཚམས། ལས་བྱེད་ཞབས་ལོ་༣༠ དང་༢༠ སོན་པ་རྣམས་གཟེངས་བསྟོད་བྱ་དགའ་བསྩལ་སོང་བ་མ་ཟད། སློབ་ཐོན་སྨན་པ་དཀའ་བཅུ་པ་དང་སྨན་རྩིས་སློབ་མའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་ཡང་རྩེར་སོན་པ་རྣམས་ལ་འཕྲོད་བསྟེན་བཀའ་བློན་གྱིས་ཕྱག་འཁྱེར་བསྩལ་སོང་། གཞན་ཡང་སྨན་རྩིས་ཁང་གི་སྨན་པ་གཙོ་བོ་༧སྐུ་བཅར་སྨན་རམས་པ་ཚེ་དབང་རྟ་མགྲིན་གྱིས་༧སྐུའི་བླ་སྨན་པ་ཟུར་པ་སྨན་པ་ཡེ་ཤེས་དོན་ལྡན་ལ་རྒྱ་གར་གཞུང་གི་༢༠༡༨ ལོའི་པདྨ་ཤྲཱི་གཟེངས་རྟགས་ཀྱི་ཆེ་བསྟོད་འབུལ་བར་ཡི་རངས་བསྔགས་བརྗོད་དང་དགའ་བསུའི་འཚམས་འདྲི་ཞུ་རྗེས་འཕྲོད་བསྟེན་བཀའ་བློན་གྱིས་ལེགས་གསོལ་ཕྱག་རྟགས་ཕུལ་སོང་།

དེའི་རྗེས་མཛད་སྒོའི་སྐུ་མགྲོན་གཙོ་བོ་དང་སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་གིས་གསུང་བཤད་གནང་དོན་དུ། དུས་སྐབས་འདི་ལ་གསོ་རིག་གི་གནས་བབས་དང་གསོ་རིག་རྒྱུན་འཛིན་དལ་སྤེལ་འགྲོ་བར་ཞབས་འདེགས་ཞུ་མཁན་དང་ཕྱར་བ་གྲུ་འདེགས་གནང་མཁན་གྱི་སྒྲིག་འཛུགས་གཙོ་བོ་དེ་སྨན་རྩིས་ཁང་ཡིན་ཞིང་། དེ་ནི་བགྲེས་ཡོལ་ལ་ཕེབས་མཁན་དང་ཞབས་ལོ་༣༠ དང་༢༠ སོན་པ་སོགས་ལས་བྱེད་རྒན་པ་རྣམས་ཀྱི་འབད་བརྩོན་ལས་བྱུང་ཡོད་པ། དེ་བཞིན་༧སྐུའི་བླ་སྨན་པ་ཟུར་པ་སྨན་པ་ཡེ་ཤེས་དོན་ལྡན་ལ་པདྨ་ཤྲཱིའི་གཟེངས་རྟགས་ཐོབ་པར་རང་རིགས་དགའ་སྤོབས་སྐྱེ་འོས་པ་ཞིག་ཡིན་པ།  སྨན་རྩིས་ཁང་ནས་ཉམས་ཐག་དང་ནད་མནར་སོགས་དགོས་ངེས་རྣམས་ལ་སྨན་སྦྱིན་གནང་བ་དང་། ༧གོང་ས་མཆོག་གི་ལམ་སྟོན་བཞིན་ནད་རིགས་སྔོན་འགོག་ཐོག་ཤུགས་སྣོན་བྱས་ནས་དེ་འབྲེལ་གྱི་དཔེ་དེབ་མང་པོ་དུས་ཐོག་ཏུ་ཁྱབ་སྤེལ་བྱེད་ཐུབ་པ་བྱུང་བ་བཅས་ལ་བསྔགས་བརྗོད་ཡོད་སྐོར། དེ་བཞིན་སྨན་རྩིས་ཁང་དབུ་བཙུགས་ནས་ད་བར་སྨན་པ་དཀའ་བཅུ་པ་དང་སྨན་རམས་པ་སོགས་མང་དག་ཅིག་སློབ་ཐོན་བྱུང་ནས་དེ་དག་གིས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཞབས་འདེགས་མི་དམན་པ་སྒྲུབ་ཡོད་སྟབས་ཚང་མས་དགའ་མོས་བྱེད་ཀྱི་ཡོད་པའི་གནས་སྟངས་ཆགས་ཡོད་སྐོར་དང་། རིགས་གཅིག་ཕྱི་ལོགས་སུ་ཐོན་ནས་གསོ་རིག་རྒྱུན་འཛིན་ཁྱབ་སྤེལ་གྱི་ཐོག་ཕྱག་ལས་གནང་མུས་ཡིན་པ་བཅས་ལ་དགའ་སྤོབས་སྐྱེ་གཞི་དང་བསྔགས་བརྗོད་ཞུ་ཡུལ་ཡིན་པ་ལྟར་ཕྱིས་སུ་ཡང་དེ་ལྟར་ཤུགས་སྣོན་གནང་རྒྱུ་གལ་ཆེ་སྐོར་སོགས་གསུངས་སོང་།

ཡང་ཁོང་གིས་སྨན་རྩིས་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་རྣམས་ལ་གསུང་དོན་དུ་“རྣམ་པ་ཚོ་མཇལ་དུས་དགའ་བ་དང་སྤྲོ་བ་ཤུགས་ཆེན་པོ་ཡོང་གི་འདུག ད་རྣམ་པ་ཚོ་ཐོན་ཡོང་གི་ཡོད་རེད། དེ་རིང་ཐོན་པ་རེད། མ་ཟད་ཕྱག་འཁྱེར་ཡང་བཞེས་ཟིན་པ་རེད། བརྒྱ་ཆ་༩༠ དང་༨༠། ༧༠ དེ་འདྲའི་ཐོག་ནས་རྣམ་པ་ཚོ་ཐོན་ཡོང་དུས་དངོས་གནས་དགའ་སྤྲོ་ཆེན་པོ་ཡོང་གི་འདུག ད་ཡིན་ན་ཡང་། ཐོན་པའི་རྗེས་སུ་ང་རང་ཚོའི་སྤྱི་ཚོགས་རང་ནང་ལ་ཞབས་འདེགས་ཞུ་རྒྱུ་དེ་གནད་འགག་ཆགས་ཡོད་རེད། ངས་ད་ལྟ་ཤེས་ཚོད་ལྟར་ན་གཅིག་ཙམ་མ་གཏོགས་གཞན་ཚང་མ་ང་རང་ཚོའི་སྤྱི་ཚོགས་རང་གི་ནང་ལ་མོས་པ་དང་འདུན་པ་ཡོད་པའི་ཐོག་ནས་ཞབས་ཞུ་སྒྲུབ་ཏུ་ཕེབས་འགྲོ་ཡི་ཡོད་འདུག གཅིག་དེ་ཡང་དགོས་པ་རྒྱུ་མཚན་གྱི་ཐོག་ནས་བོད་མི་རིགས་རང་ལ་ཞབས་ཞུ་ཆེད་དུ་ས་ཆ་གཞན་ལ་ཕེབས་དགོས་པ་ཡིན་དུས་རྣམ་པ་ཚང་མར་བསྔགས་བརྗོད་དང་ཡི་རངས་ཞུ་བཞིན་ཡོད།”ཅེས་དང་། དེ་བཞིན་ཁོང་གིས་ནད་པ་མང་པོ་ཞིག་བོད་སྨན་བསྟེན་དུ་ཡོང་བའི་རྒྱུ་མཚན་ནི། ཕྱི་ལུགས་ཀྱི་སྨན་ལས་དྲག་སྐྱེད་མ་བྱུང་ནས་ཡོང་བ་ཡིན་སྟབས་དེ་དག་ལ་ཕྱི་ལུགས་སྨན་གྱི་སྐོར་ལ་འགྲེལ་བརྗོད་དང་སྦྲགས་བོད་རང་གི་གསོ་ལུགས་ཀྱི་ཐོག་ནས་སྨན་བཅོས་བྱས་ན་ནད་པའི་མོས་པ་འདྲེན་པ་སོགས་ཀྱི་དགེ་མཚན་ཡོད་དུས། བོད་ཀྱི་གསོ་རིག་ལ་སྦྱངས་ཞོར་དུ་ཕྱི་ལུགས་ཀྱི་སྨན་གྱི་ཐོག་སློབ་མ་ཚོས་དོ་སྣང་བྱས་ཚེ་ནད་པའི་དངས་བ་འདྲེན་པར་ཕན་ཐོགས་ཡོད་སྐོར་སོགས་གསུངས་སོང་།

མཇུག་ཏུ་སྐར་རྩིས་པ་གཙོ་བོ་རྩིས་རམས་པ་ཚེ་རིང་ཆོས་འཛོམས་ཀྱིས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གྲུབ་མཚམས་སྨན་རྩིས་བསྟན་རྒྱས་སྨོན་ལམ་རྟ་དབྱངས་དང་བཅས་མཛད་སྒོ་གྲོལ་སོང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this: