ཀོ་རི་ཡ་ལྷོ་བྱང་གཉིས་ཀྱི་དཔོན་རིགས་ལྷན་ཚོགས་ཀྱི་དུས་ཚོད་གསལ་བསྒྲགས་བྱས་འདུག

ཀོ་རི་ཡ་ལྷོ་བྱང་གཉིས་ཀྱི་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་དེ་ཕྱི་ཟླ་༤ ཚེས་༢༧ ཉིན་ལྷོ་ཀོ་རི་ཡའི་ཞི་བདེ་ཚོགས་ཁང་ནང་འཚོག་རྒྱུ་རེད་འདུག

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༣ པའི་ཕྱི་ཚེས་༢༩ ཉིན་ཀོ་རི་ཡ་ལྷོ་བྱང་གཉིས་མཉམ་འབྲེལ་ཐོག་བསྒྲགས་གཏམ་ཞིག་སྤེལ་ནས། འདི་ལོའི་ཕྱི་ཟླ་༤ པའི་ཕྱི་ཚེས་༢༧ ཉིན། འདས་པའི་མི་ལོ་བཅུ་ཕྲག་གཅིག་ལྷག་རིང་གི་ཕྱོགས་གཉིས་བར་གྱི་ཆེས་ཐོག་མའི་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་ཤིག་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་སུ་འཁེལ་བའི་གྲོང་གསེབ་པཱེན་མུན་ཇོམ་(Panmunjom)དུ་ཡོད་པའི་ལྷོ་ཀོ་རི་ཡའི་ཞི་བདེའི་ཚོགས་ཁང་དུ་འཚོག་རྒྱུ་ཡིན་སྐོར་བསྒྲགས་ཡོད་འདུག་པ་དང་། ལྷན་ཚོགས་དེའི་ཐོག་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་དང་། ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཇ་ཨུན་གཉིས་ཕེབས་རྒྱུ་ཡིན་འདུག

ཆེས་མཐོའི་དཔོན་རིགས་ལྷན་ཚོགས་ཀྱི་དུས་ཚོད་ནི་ཕྱོགས་གཉིས་ཀྱི་ལས་བྱེད་རྣམས་ལྷན་ཚོགས་གྲ་སྒྲིག་གི་ཆེད་དུ་ཐུག་འཕྲད་བྱས་རྗེས་དང་། ཀེམ་ཇོང་ཨན་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་ཐུག་འཕྲད་བྱས་པ་ཡོང་བསྒྲགས་བྱས་ནས་ཉིན་གཅིག་སོང་མཚམས་གསལ་བསྒྲགས་བྱས་པ་ཞིག་ཡིན་འདུག་པ་དང་། ཀེམ་ཇོང་ཨན་གྱིས་རྒྱ་ནག་ནས་ཀོ་རི་ཡའི་མཚོ་གླིང་ནས་རྡུལ་མཚོན་བཟོ་སྐྲུན་གྱི་ལས་གཞི་ཕྱིར་འཐེན་བྱ་རྒྱུའི་སྐོར་ཡང་ཡང་དུ་བརྗོད་ཡོད་འདུག་པ་མ་ཟད། ཉེ་ཆར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་ཐུག་འཕྲད་བྱ་འདོད་ཡོད་སྐོར་བརྗོད་ཡོད་པ་དང་། ཌོ་ནལ་ཊོམ་གྱིས་ཐུག་འཕྲད་བྱ་རྒྱུར་མོས་མཐུན་བྱས་ནས་འདི་ལོའི་ཕྱི་ཟླ་༥ པའི་ནང་ཐུག་འཕྲད་བྱ་རྒྱུ་ཡིན་འདུག

གསར་འགོད་གསལ་བསྒྲགས་སྐབས་བྱང་ཀོ་རི་ཡའི་སྐུ་ཚབ་གཙོ་བོ་རཱི་སོན་གྷི་ཝོན་གྱིས་“འདས་པའི་ཉི་མ་༨༠ ལྷག་གི་རིང་ལ། ཀོ་རི་ཡ་གཉིས་ནང་ཁུལ་དུ་དེ་སྔོན་བྱུང་མྱོང་མེད་པའི་གནས་ཚུལ་མང་པོ་བྱུང་སོང་”ཞེས་བརྗོད་ཡོད་འདུག་པ་དང་། ཕྱི་ལོ་༡༩༥༣ ལོར་ཀོ་རི་ཡའི་དམག་འཁྲུག་མཚམས་འཇོག་གི་མཐུན་གྲོས་བཞག་ནས་བཟུང་། ད་བར་ཕྱོགས་གཉིས་བར་གྱི་ཆེས་མཐོའི་དཔོན་རིགས་རྣམས་ཐུག་འཕྲད་ཐེངས་གཉིས་ལས་བྱུང་མེད་པ་དང་། ད་ཐེངས་ཀྱི་ཐུག་འཕྲད་བྱ་རྒྱུ་འདི་ནི་ཕྱོགས་གཉིས་བར་གྱི་ཐུག་འཕྲད་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད་འདུག ཕྱི་ལོ་༢༠༠༧ ལོར་སྐབས་དེའི་ཕྱོགས་གཉིས་ཀྱི་འགོ་ཁྲིད་གཉིས་བྱང་ཀོ་རི་ཡའི་རྒྱལ་ས་ཧྥོན་ཡཱང་དུ་ཐུག་འཕྲད་བྱས་ཡོད་འདུག

ཕྱི་ཟླ་༣ པའི་ཕྱི་ཚེས་༢༨ ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་རྒྱ་ནག་དང་བྱང་ཀོ་རི་ཡའི་སྲིད་འཛིན་གཉིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཐུག་འཕྲད་བྱུང་བར་འཚམས་འདྲི་ཞུས་ཡོད་པ་དང་། ཁོང་གིས་སྤྱི་ཚོགས་དྲ་རྒྱ་ཊུ་ཊེར་ཐོག་“རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཀིམ་ཇོང་ཨུན་དང་ཐུག་འཕྲད་དེ་ཡག་པོ་བྱུང་ཡོད་པ་དང་། ཀེམ་ཇོང་ཨན་གྱིས་ང་ལ་ཐུག་རྒྱུ་བྱེད་བཞིན་ཡོད་པ་བཅས་ཀྱི་བརྡ་ལན་མདང་དགོང་འབྱོར་བྱུང་”ཞེས་བརྗོད་འདུག་ཀྱང་།ད་ལྟའི་ཆར་བྱང་ཀོ་རི་ཡར་བཅད་པའི་ཉེས་ཆད་རྣམས་གནས་སྟངས་ག་འདྲ་ཞིག་ལ་ཐུག་ཀྱང་མུ་མཐུད་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག

ཀོ་རི་ཡ་ལྷོ་བྱང་གཉིས་ཀྱི་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་ཀྱི་དུས་ཚོད་གསལ་བསྒྲགས་བྱས་པ་འདི་ནི་ཕྱོགས་གཉིས་བར་གྱི་གནས་ཚུལ་གསར་ཤོས་དེ་ཡིན་པ་རེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༡༣༨ ཀློག་གྲངས།