༧ཀརྨ་པ་རིན་པོ་ཆེ་མཆོག་འབྲས་ལྗོངས་སུ་ཕེབས་རྒྱུའི་ཆོག་མཆན་ཐོབ་ཡོད་འདུག

ལོ་མང་རིང་འབྲས་ལྗོངས་ཀྱི་དད་ལྡན་པ་མང་པོ་ཞིག་གིས་གསོལ་འདེབས་ཞུ་བཞིན་པ་ལྟར། རྒྱ་གར་གཞུང་གིས་༧དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་སུ་ཕེབས་པའི་ཆོག་མཆན་སྤྲད་ཡོད་འདུག་ཀྱང་། རུམ་ཐེག་དགོན་པར་ཕེབས་ཆོག་གི་མེད་པ་རེད་འདུག

ཟླ་༣ པོའི་ཚེས་༢༩ ཉིན་འབྲས་ལྗོངས་ཀྱི་གསར་ཁང་(Sikkim Chronicle)ཐོག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་འཐུས་མི་བསོད་ནམས་བླ་མ་ཡིས།  ཟླ་༣ པའི་ཚེས་༢༩ ཉིན་ཁོང་ལ་རྒྱ་གར་དབུས་ནང་སྲིད་ལས་ཁང་བརྒྱུད་ནས། དབུས་བློན་ཆེན་ལས་ཁང་གི་བདེ་འཇགས་ཚོགས་ཆུང་གིས་༧དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག འབྲས་ལྗོངས་སུ་ཕེབས་པའི་ཆོག་མཆན་སྤྲད་ཡོད་པའི་གནས་ཚུལ་འབྱོར་ཡོད་ཀྱང་། དབུས་གཞུང་གིས་ཁོང་རུམ་ཐེག་དགོན་པར་ཕེབས་པར་བཀག་འགོག་བྱས་ཡོད་པ་དང་། གཞན་འབྲས་ལྗོངས་ཀྱི་ས་གནས་གང་སར་ཕེབས་ཆོག་གི་ཡོད་སྐོར་བརྒྱུད་ལམ་དེར་བརྗོད་འདུག དེ་བཞིན་ཁོང་གིས་གནད་དོན་དེའི་ཐད་མྱུར་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་རྒྱུ་ཡིན་སྐོར་བརྗོད་འདུག

ཕྱི་ལོ་༢༠༡༧ ལོའི་ཟླ་༥ པའི་་ཚེས་༢༤ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ། རྒྱ་གར་དབུས་ནང་སྲིད་ལས་ཁང་གིས་རྒྱ་གར་དབུས་བློན་ཆེན་ལས་ཁང་གི་བདེ་འཇགས་ཚོགས་ཆུང་ལ། ༧དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེམཆོག རྒྱ་གར་དབུས་གཞུང་གི་ཆོག་མཆན་མི་དགོས་པར། འབྲས་ལྗོངས་ཀྱི་རུམ་ཐེག་དགོན་པ་ཕུད་པའི། རྒྱ་གར་གྱི་ས་གནས་གང་སར་ཕེབས་ཆོག་པ་བཟོ་རྒྱུའི་གྲོས་འཆར་སྤྲད་ཡོད་པའི་གནས་ཚུལ་བཀོད་ཡོད་པ་དང་། དེ་བཞིན་གནས་ཚུལ་དེའི་ནང་ཕྱི་ལོ་༢༠༠༠ ལོར་རྒྱ་གར་དབུས་བློན་ཆེན་ལས་ཁང་གི་བདེ་འཇགས་ཚོགས་ཆུང་གིས། ༧རྒྱལ་དབང་ཀརྨ་པ་འབྲས་ལྗོངས་ཀྱི་རུམ་ཐེག་དགོན་པ་དང་དམག་དོན་གྱི་ཐབས་ཇུས་ལ་གལ་གནད་ཆེ་བའི་ས་གནས་སི་པི་ཏེ་དང་ལ་ཧུལ་སོགས་ལ། རྒྱ་གར་དབུས་གཞུང་གི་ཆོག་མཆན་མེད་པར་ཆིབས་བསྒྱུར་སྐྱོང་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་སྐོར་ཡང་བཀོད་འདུག

འོན་ཀྱང་ཕྱི་ལོ་༢༠༡༦ ལོར་རྒྱ་གར་དབུས་གཞུང་གིས། ༧རྒྱལ་དབང་ཀརྨ་པ་ཨ་རུ་ན་ཅལ་མངའ་སྡེར་ཆིབས་བསྒྱུར་བསྐྱངས་བཅུག་ཡོད་པ་རེད་ལ། འབྲས་ལྗོངས་སུ་ཡོད་པའི་དད་ལྡན་པ་རྣམས་ཀྱིས། ཁོང་དེ་གར་ཆིབས་བསྒྱུར་བསྐྱང་འཇུག་དགོས་པའི་ལས་འགུལ་འདྲ་མིན་སྤེལ་ཡོད་པ་རེད་ལ། དེ་བཞིན་ཕྱི་ལོ་༢༠༡༥ པའི་ཟླ་༡༡ པའི་ཚེས་༡༧ ཉིན་འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་པལ་ཝན་གྱིས་རྒྱ་གར་ནང་སྲིད་བློན་ཆེན་རཱཇེ་ན་ཋ་དང་མཇལ་འཕྲད་སྐབས། ༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་སུ་ཕེབས་འཇུག་དགོས་པའི་འབོད་སྐུལ་ཞུས་སྐབས། ནང་སྲིད་བློན་ཆེན་གྱིས་རྒྱ་གར་ཁྲིམས་ཐོག་ནས་༧རྒྱལ་དབང་མཆོག་འབྲས་ལྗོངས་ལ་ཕེབས་པར་བཀག་དགོས་པའི་སྲིད་ཇུས་མེད་པས། མ་འོངས་པར་གནད་དོན་དེ་སེལ་ཐུབ་པའི་རེ་བ་ཡོད་སྐོར་གསུངས་ཡོད་པ་རེད། དེ་བཞིན་རྒྱ་གར་གྱི་སྲིད་བློན་མོ་རྡི་ལ་ཡང་དེའི་སྐོར་འབོད་སྐུལ་ཞུས་ཡོད་པ་རེད།

དེ་བཞིན་ཕྱི་ལོ་༢༠༡༦ ལོའི་ཟླ་༧ པའི་ཚེས་༦ ཉིན་འབྲས་ལྗོངས་མངའ་སྡེ་གཞུང་གིས་བཏང་བའི་གཞུང་འབྲེལ་ཡི་གེ་ཞིག་ནང་། ༧རྒྱལ་དབང་ཀརྨ་པ་མཆོག་འབྲས་ལྗོངས་ལ་ཆིབས་བསྒྱུར་བསྐྱངས་སྐབས། ཕེབས་བསུའི་གོ་སྒྲིག་བྱེད་མཁན་མི་ཞིག་ཀྱང་བསྐོ་བཞག་བྱས་འདུག་པ་དང་། ༧རྒྱལ་དབང་ཁོང་ལ་བློན་ཆེན་གནས་རིམ་གྱི་ཕེབས་བསུ་ཞུ་དགོས་སྐོར་འཁོད་འདུག་ཀྱང་། སྐབས་དེར་༧རྒྱལ་དབང་མཆོག་གི་ཡིག་ཚང་ལ་དེའི་སྐོར་རྒྱ་གར་གཞུང་ནས་བརྡ་ལན་གང་ཡང་འབྱོར་མེད་སྐོར་གནས་ཚུལ་ཐོན་ཡོད་པ་རེད་དེ། ཐེངས་འདིར་རྒྱ་གར་དབུས་གཞུང་གིས་རུམ་ཐེག་དགོན་པ་ཕུད་པའི་འབྲས་ལྗོངས་ཀྱི་ས་གནས་གང་སར་་ཕེབས་པའི་ཆོག་མཆན་སྤྲད་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༧༠ ཀློག་གྲངས།