འཕགས་བོད་ས་མཚམས་ནས་ཞི་བའི་གོམ་བགྲོད་པ་རྣམས་དྷ་སར་འབྱོར་སོང་།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མི་ཙམ་མ་ཡིན་པར་ཧི་མ་ལ་ཡའི་རི་བརྒྱུད་ཡོངས་སུ་རྫོགས་པར་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དངོས་དང་། ཚེ་འདི་གཉིས་ཀྱི་༧སྐྱབས་གནས་ཡིན་པའི་གནས་བབ་གཅིག་པ་ཡིན་སྐོར་ཞི་བའི་གོམ་བགྲོད་ལས་འགུལ་བས་གསར་འགོད་པར་བརྗོད་བྱུང་།

ཕྱི་ཟླ་༣ པའི་ཕྱི་ཚེས་༣༠ ཉིན་གྱི་སྔ་དྲོར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་(Core group for Tibetan Cause)དང་། རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་མོན་རྟ་དབང་དང་ནུབ་ཀ་མེང་རྫོང་ཁུལ་གྱི་མི་མང་།  དེ་བཞིན་ས་གནས་ཀྱི་དགོན་སྡེ་གྲྭ་ཚང་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས། ༧གོང་ས་མཆོག་བོད་ནས་རྒྱ་གར་དུ་ཆིབས་སྒྱུར་བསྐྱངས་ནས་ལོ་ངོ་དྲུག་ཅུ་འཁོར་ལ་ཉེ་བའི་དུས་དྲན་སྲུང་བརྩི་ཞུ་སླད། མོན་རྟ་དབང་ཁུལ་གྱི་འཕགས་བོད་ས་མཚམས་ཆུ་དྭངས་མ་ནས་ཏེ་ཛི་པུར་བར་ཉིན་༡༡ རིང་གོམ་བགྲོད་ལས་འགུལ་སྤེལ་ཟིན་ནས། ལས་འགུལ་བ་༥༠ ཡས་མས་ཤིག་དྷ་ས་མེག་གྷན་དུ་འབྱོར་སོང་ཞིང་། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་དང་། ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་གཉིས་ཀྱིས་གཙོས། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དང་སེར་སྐྱ་མང་ཚོགས་བཅས་ཀྱི་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་སོང་།

དངོས་གཞིའི་ཞི་བའི་གོམ་བགྲོད་ལས་འགུལ་ནི་ཕྱི་ཟླ་༣ པའི་ཕྱི་ཚེས་༡༧ ཉིན་མོན་རྟ་དབང་ཁུལ་གྱི་འཕགས་བོད་ས་མཚམས་ཆུ་དྭངས་མ་ནས་ཏེ་ཛི་པུར་བར་ཉིན་༡༡ རིང་སྤེལ་ནས། དེ་རིང་དྷ་སར་འབྱོར་བ་ཞིག་ཡིན་འདུག དངོས་གཞིའི་ལས་འགུལ་སྐབས་གོམ་བགྲོད་པ་༡༥༠ དང་༡༣༠ ཡས་མས་ཙམ་བྱུང་ཡོད་འདུག་པ་དང་། ས་གནས་ཆེ་ཁག་ཏུ་འབྱོར་དུས་མང་ཚོགས་༣༠༠༠ ཡས་མས་འདུ་འཛོམས་བྱུང་ཡོད་འདུག

གོམ་བགྲོད་ལས་འགུལ་བ་རྣམས་དྷ་ས་མེག་གྷན་གྱི་དཀྱིལ་དུ་འབྱོར་བ་དང་བསྟུན། རྒྱ་གར་དབུས་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་དང་མངའ་སྡེའི་བློན་ཆེན་ཟུར་པ། ད་ལྟའི་ཆར་བྷེ་ཇེ་པི་ཆབ་སྲིད་ཚོགས་པའི་ནང་ཕྱག་ལས་གནང་བཞིན་པའི་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁིར་མི་(Shri R. K. Khrimey)དང་། རྟ་དབང་དགོན་པའི་མཁན་ཟུར་གུ་རུ་སྤྲུལ་སྐུ་གཉིས་ཀྱི་གསར་འགོད་པར་བརྗོད་དོན་དུ། རྟ་དབང་གི་ས་ཁུལ་དེ་རྒྱལ་སྤྱིའི་ས་ཆའི་གནས་བབ་རང་བཞིན་གྱི་ཆ་ནས་དམ་དྲག་ཧ་ཅང་ཆེན་པོ་ཡོད་ས་དང་། ནམ་རྒྱུན་ནས་ལས་འགུལ་འདྲ་མིན་སྤེལ་བར་དཀའ་ངལ་འཕྲད་སའི་ས་ཁུལ་ཞིག་ཆགས་ཀྱི་ཡོད་ཀྱང་། ད་ལན་རྒྱ་གར་བོད་ཀྱི་བདེན་དོན་ཚོགས་པའི་གོ་སྒྲིག་འོག་ས་གནས་རྟ་དབང་དང་། བྷེན་ཌེ་ལ། ནུབ་ཀ་མེང་རྫོང་བཅས་ཀྱི་ཁོངས་སུ་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་འཕགས་བོད་མཛའ་འབྲེལ་ཚོགས་པ་དང་། སློབ་ཕྲུག་ཤེས་ཡོན་རྒྱབ་སྐྱོར་ཚོགས་པ། བསྟན་དོན་ཚོགས་པ། བཏང་སྙོམས་ཚོགས་པ། ཉམས་ཐག་ཤེས་ཡོན་རོགས་སྐྱོར་ཚོགས་པ་ལ་སོགས་པ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་མང་པོ་ཞིག་ལ་བརྟེན་ནས། ཞི་བའི་གོམ་བགྲོད་ལས་འགུལ་འདི་ཧ་ཅང་དོན་དང་ལྡན་པ་དང་ཡག་པོ་བྱུང་ཡོད་པ་མ་ཟད། རྒྱལ་སྤྱིའི་ཐོག་ནས་ཞི་བའི་གོམ་བགྲོད་ལས་འགུལ་འདིར་དོ་སྣང་ཤུགས་ཆེན་པོ་བྱུང་ཡོད་སྐོར། རྒྱ་གར་དབུས་གཞུང་ནས་ས་གནས་གཞུང་གི་ལས་བྱེད་པ་དང་། ཆབ་སྲིད་ཀྱི་འགོ་ཁྲིད་ཚོ་ལས་འགུལ་འདིའི་ནང་མཉམ་ཞུགས་གནང་རྒྱུ་མེད་པའི་ལམ་སྟོན་གནང་ཡོད་སྟབས། ལས་འགུལ་འདི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོ་དང་། རིས་སུ་མ་ཆད་པའི་གྲྭ་བཙུན་གྱི་དགོན་སྡེ་ཁག མི་མང་རང་བཅས་ཀྱི་རྒྱབ་སྐྱོར་ཚད་མཐོན་པོའི་ཐོག་ནས་༧གོང་ས་སྐྱབས་མགོན་ཆེན་པོ་སྐུ་དངོས་སུ་ཕེབས་པ་བཞིན་ས་གནས་སོ་སོར་གྲ་སྒྲིག་བྱས་ནས་ལས་འགུལ་ཚགས་ཚུད་པོ་བྱུང་ཡོད་སྐོར། ས་གནས་སོ་སོར་མི་མང་འདུ་འཛོམས་སྐབས་ས་གནས་དེ་རང་གི་སྐད་ཐོག་ནས་༧གོང་ས་མཆོག་གི་མཛད་རྣམ་དང་། ཐུགས་འགན་གསུམ་ངོ་སྤྲོད་དང་། དེའི་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན་བརྒྱུད་གཞོན་སྐྱེས་མི་རབས་གསར་པ་རྣམས་ལ་གོ་རྟོགས་གསར་པ་སྤེལ་ཐུབ་ཡོད་སྐོར། ཕྱི་ལོ་༡༩༥༩ ལོར་༧གོང་ས་མཆོག་བོད་ནས་རྒྱ་གར་ལ་སྐྱབས་བཅོལ་ཕེབས་དུས་ཕེབས་ལམ་གང་གི་ཐོག་ནས་ཕེབས་ཡོད་མེད་གསལ་པོ་མ་ཤེས་པ་རྣམས་ལ་ད་ལན་གསལ་པོ་ཆགས་ནས་དེའི་ཐོག་དྲི་བ་དྲིས་ལན་བྱུང་ཁར། དེའི་ཐོག་སློབ་སྦྱོང་བྱེད་ཀྱི་ཡིན་ཟེར་མཁན་མང་པོ་བྱུང་ཡོད་སྐོར། ༧གོང་ས་མཆོག་བཙན་བྱོལ་དུ་ཕེབས་པ་དེ་རྒྱ་མིས་བོད་རྒྱལ་ཁབ་ཆེན་པོ་བཙན་བཟུང་བྱས་པའི་ཆབ་སྲིད་ཀྱི་གནས་སྟངས་ཐོག་ནས་ཕེབས་དགོས་ཁེལ་ཡོད་པ་ས་གནས་སུ་ངོ་སྤྲོད་བྱས་ཡོད་སྐོར། ཏེ་ཛུར་དང་གྷོ་ཝ་ཧ་ཊིར་ཞི་བའི་གོམ་བགྲོད་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་སྤེལ་སྐབས་བོད་ཀྱི་བདེན་མཐའ་སེལ་རྒྱུ་ནི་རྒྱ་གར་གྱི་ཆབ་སྲིད་ཀྱི་གནས་བབ་ཐོག་ནས་ཞི་བདེ་ཡོངས་ཐབས་དང་། ཨེ་ཤི་ཡའི་ནང་ཞི་བདེ་ཡོང་བའི་གནད་འགག གཞན་ཡང་ཧི་མ་ལ་ཡའི་རི་བརྒྱུད་ལ་མཚོན་ན་ཡང་ཕྱི་ལོ་༡༩༥༩ གོང་དུ་བོད་དུ་ནང་ཆོས་ལ་སློབ་སྦྱོང་བྱེད་དུ་ཕྱིན་ནས་མར་ལོག་པའི་གནས་བབ་དང་། དུས་འགྱུར་གྱི་རྗེས་སུ་བཙན་བྱོལ་དུ་གནས་པའི་རིང་ལ་ཡང་ཧི་མ་ལ་ཡའི་རི་བརྒྱུད་ནས་བོད་ཀྱི་ཆོས་སྡེ་ཁག་ཏུ་སློབ་གཉེར་ལ་འགྲོ་མཁན་མང་པོ་ཡོད་པའི་གནས་བབ་ཡོད་པ། བཙན་བྱོལ་གྱི་སློབ་གྲྭ་ཁག་ལ་ཡང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་སློབ་ཕྲུག་མང་པོ་ཡོད་པ་དེར་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་གནད་འགག་ཆགས་ཡོད་སྟབས། དེ་འདྲའི་གནས་སྟངས་ཀྱི་ཐོག་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མི་ཙམ་མ་ཡིན་པར་ཧི་མ་ལ་ཡའི་རི་བརྒྱུད་ཡོངས་སུ་རྫོགས་པར་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དངོས་དང་། ཚེ་འདི་གཉིས་ཀྱི་༧སྐྱབས་གནས་ཡིན་པའི་གནས་བབ་གཅིག་པ་ཡིན་དུས། བོད་ཀྱི་བདེན་དོན་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སླར་ཡང་བོད་དུ་ཆིབས་སྒྱུར་གནང་རྒྱུར་རྒྱབ་སྐྱོར་དང་། དེའི་ཐོག་བདེན་དོན་འཐབ་རྩོད་བྱ་རྒྱུར་དུས་ནམ་ཡང་ལྷོད་པ་མེད་པ་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་སོང་།

ལས་འགུལ་སྐབས་དམིགས་བསལ་དཀའ་ངལ་འཕྲད་ཡོད་མེད་དྲིས་པར། ལས་འགུལ་སྐབས་གནམ་གཤིས་དང་འཕྲོད་བསྟེན་གྱི་ཐད་ནས་དཀའ་ངལ་གཏན་ནས་བྱུང་མེད་སྐོར་དང་། གཞན་གནོན་ཤུགས་ཏོག་ཙམ་བྱུང་ཡོད་ཀྱང་། དེ་ལ་ཐབས་མཁས་པོ་བྱས་ཡོད་སྐོར་དང་། མ་གཞི་ལས་འགུལ་སྤེལ་རྒྱུའི་ཆོག་མཆན་ནང་བྱེད་རུང་བ་དང་མི་རུང་བའི་ས་མཚམས་ཐད་ལམ་སྟོན་གསལ་པོ་ཡོད་སྟབས་དེ་གཞིར་བཟུང་བྱས་པ་དང་། དེའི་ཁར་མི་མང་གི་རྒྱབ་སྐྱོར་ཚད་མཐོན་པོ་ཡོད་སྟབས་དཀའ་ངལ་འཕྲད་མེད་སྐོར་བརྗོད་བྱུང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this: