རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་འགྲན་སྡུར་འགོ་འཛུགས་བྱས་སོང་།

རྒྱ་གར་དང་བལ་ཡུལ། ཁེ་ན་ཌ་བཅས་ནས་རུ་ཁག་༡༩ ཡིས་མཉམ་ཞུགས་ཐོག རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་འགྲན་བསྡུར་ཐེངས་༢༤ པ་དེ་སྦེལ་ཀོབ་བདེ་སྐྱིད་སླར་གསོ་བོད་མིའི་གཞིས་ཆགས་སུ་འགོ་འཛུགས་བྱས་སོང་།

ཟླ་༣ པའི་ཚེས་༣༡ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་བོད་མིའི་གཞིགས་ཆགས་ཀྱི་རྩེད་ཐང་དུ། སྐུ་མགྲོན་གཙོ་བོ་སེར་སྨད་མཁན་པོ་རིན་པོ་ངག་དབང་འབྱོར་ལྡན་མཆོག་ཕེབས་ནས། ཕྱི་ལོ་༡༩༨༡ ལོ་ནས་༧གོང་ས་མཆོག་གི་མ་ཡུམ་རྗེས་དྲན་ཆེད་དུ་འགོ་འཛུགས་བྱས་པའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་འགྲན་བསྡུར་ཐེངས་༢༤ པ་འགོ་འཛུགས་བྱས་སོང་།

ཐེངས་འདིར་རྒྱ་གར་དང་བལ་ཡུལ། ཁེ་ན་ཌ་བཅས་ནས་ཁྱོན་བསྡོམས་རུ་ཁག་༡༩ ཡིས་མཉམ་ཞུགས་བྱས་ཡོད་པ་དང་། རྩེད་འགྲན་དེ་བཞིན་རེ་སྐོར་ལམ་ལུགས་དང་ཕམ་རིམ་བཞིན་ཕྱིར་འཐེན་(League cum knock out system)ཐོག་ནས་རྩེ་རྒྱུ་ཡིན་པ་དང་། རུ་ཁག་རེེར་ཉུང་མཐར་རྩེད་འགྲན་ཐེངས་༢ རེ་བྱ་རྒྱུའི་གོ་སྐབས་ཡོད་འདུག་པ་དང་། རྒྱལ་ཁ་ཐོབ་མཁན་རྣམས་རིམ་པས་འགྲན་སྡུར་རིམ་པ་གོང་མར་རྩེད་འགྲན་བྱ་རྒྱུ་ཡོད་པ་རེད་འདུག ཉིན་༡༡ ཀྱི་རིང་ཁྱོན་བསྡོམས་པའི་རྩེད་འགྲན་༢༩ བྱེད་ཀྱི་ཡོད་པ་རེད།

རྩེད་འགྲན་གྱི་དུས་ཡུན་ནི་ཟླ་༣ པའི་ཚེས་༣༡ ནས་ཟླ་༤ པའི་ཚེས་༡༠ བར་ཡིན་འདུགཔ་དང་། རྩེད་འགྲན་ཆ་ཚང་ཡུ་ཊུབ་(youtube)ཐོག་ནས་ཐད་ཀར་རྒྱངས་སྲིང་བྱེད་ཀྱི་འདུག

ལོ་སྔོན་མའི་འགྲན་སྡུར་དེ་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཀོ་ལི་གྷལ་དོན་ལྡན་གླིང་དུ་འཚོགས་ཡོད་པ་དང་། མཐའ་མའི་རྒྱལ་ཁ་རྡོ་རྗེ་གླིང་རུ་ཁག་ལ་ཐོབ་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this: