༧གོང་ས་མཆོག་དབུ་བཞུགས་ཐོག་རྒྱ་གར་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་འཚོགས་སོང་།

ཕྱི་ཟླ་༣ པའི་ཕྱི་ཚེས་༣༡ ཉིན་གྱི་སྔ་དྲོ་ཆུ་ཚོད་༩ པ་ཡས་མས་སུ་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་རྭ་བའི་ནང་། གཞིས་བྱེས་བོད་མི་ཡོངས་ཀྱིས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་དངོས་སུ་དབུ་འཛུགས་གནང་སོང་།

མཛད་སྒོའི་ཐོག་༧གོང་ས་མཆོག་དབུ་བཞུགས་ཐོག གདན་ཞུའི་སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་གཞུང་གི་རིག་གཞུང་བློན་ཆེན་སྐུ་ཞབས་མ་ཧེ་ཤི་ཤརྨ་དང་། བྷི་ཇེ་པི་ཆབ་སྲིད་ཚོགས་པའི་ཚོགས་གཙོ་རཱམ་མ་དབ་(Ram Madhav)།  བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ། གཞན་ཡང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ཤནཏཱ་ཀུ་མཱར་(Shanta Kumar)དང་། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རིན་ཆེན་མཁའ་འགྲོ་ཁིར་མེ། ༧གོང་ས་མཆོག་རྒྱ་གར་གྱི་ས་ཐོག་ཏུ་བཙན་བྱོལ་ལ་ཐོག་མར་༧ཞབས་སོར་འཁོད་མཚམས་ཕེབས་བསུའི་སྣེ་ལེན་ཞུ་མཁན་ཨ་སམ་དམག་དཔུང་རུ་ཁག་གི་དམག་མི་ཟུར་པ་སྐུ་ཞབས་ན་རེན་ཅནྡྲ་དཱས་(Naren Chandra Das)། རྒྱ་གར་གྲོས་ཚོགས་འཐུས་མི་སཏྱཱ་བྲཏ་ཅ་ཏཱུར་ཝེད་(Satyavrat Chaturvedi)། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་ལས་བྱེད། ལས་ཟུར། སེར་སྐྱ་མང་ཚོགས་བཅས་སྟོང་ཕྲག་༤ ལྷག་འཛོམས་འདུག

མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་གསུང་བཤད་གནང་སྐབས། ཕྱི་ལོ་༡༩༥༩ ལོར་རྒྱ་དམར་གཞུང་གིས་དྲག་གནོན་བྱས་ཏེ་བོད་ས་ཁྱོན་ཡོངས་བཙན་བཟུང་བྱས་སྟབས་ལུགས་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་གིས་དབུས་བོད་མི་ཁྲི་༨ ཙམ་རང་ཡུལ་བོད་ནས་ཁ་གྱེས་ཏེ། བོད་ནས་ཆིབས་ཐོན་གྱིས་ལམ་བར་དཀའ་ཚེགས་ཆེན་པོས་ཉིན་གྲངས་༡༤ ཡི་རྗེས་སུ་ཕྱི་ལོ་༡༩༥༩ ཟླ་༣ ཚེས་༣༠ ཉིན་རྒྱ་གར་ནང་ཞབས་སོར་བདེ་བར་འཁོད་ནས། ད་ཆ་ལོ་ངོ་བཅུ་ཕྲག་དྲུག་ལ་ཟིན་བཞིན་ཡོད་སྟབས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཁྱད་པར་བ་ཞིག་ཆགས་ཡོད་སྐོར་དང་། བཙན་བྱོལ་བོད་པ་རྣམས་རྒྱ་གར་དུ་འབྱོར་རྗེས་སུ་ཆིག་སྒྲིལ་གྱི་གནས་བབ་སྐོར་ཁོང་གིས་“ཕྱོགས་གཅིག་ནས་རྒྱ་ནག་གཞུང་གིས་བོད་ནང་བཙན་འཛུལ་དང་བཙན་འཕྲོག་བྱས་ནས་ཉམ་ཐག་པ་ལྟ་བུ་ཞིག་ཏུ་གྱུར་ཡོད་ཀྱང་། ཕྱོགས་གཞན་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དང་། རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས་བོད་ཕྲུག་ན་གཞོན་རྣམས་ཀྱི་ཆེད་དུ་སློབ་གྲྭ་ཟུར་འཛུགས་དང་། དེ་མཚུངས་བོད་མི་བྱིངས་རྣམས་མཉམ་གནས་བྱ་ཡུལ་གཞིས་ཆགས་ཁག་གསར་འཛུགས་ཀྱིས་ཆོལ་གསུམ་བོད་མིའི་ཆིག་སྒྲིལ་གྱི་ནུས་སྟོབས་དེ་སྔ་རང་ཡུལ་རང་དབང་ཡོད་པའི་གནས་སྐབས་ལས་ལྷག་པའི་ནུས་པ་འབུར་དུ་ཐོན་ཐུབ་པ་བྱུང་བ་དང་། ཆོས་བྱེད་དགེ་འདུན་པ་དང་བཙུན་མ་རྣམས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། དེང་དུས་ཀྱི་ཤེས་ཡོན་རྣམས་སློབ་གཉེར་གནང་ཡུལ་དགོན་སྡེ་གྲྭ་ཚང་གསར་འཛུགས་ཀྱིས་ཆོས་བརྒྱུད་ནང་ཁུལ་མཐུན་སྒྲིལ་དམ་ཟབ་ཡོང་བའི་དགོངས་བཞེད་ཟབ་མོ་མཛད་གནང་བ་ལྟར། དེང་སྐབས་འཛམ་གླིང་ནང་བོད་མི་སྐྱབས་བཅོལ་བའི་གནས་བབ་ནི་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བའི་གནས་སྟངས་ཤིག་ཆགས་ཐུབ་ཡོད།”ཅེས་སོགས་གསུངས་སོང་།

དེ་བཞིན་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེས། ལོ་ངོ་༦༠ ཡི་གོང་དུ་༧གོང་ས་མཆོག་བོད་ཀྱི་རྒྱལ་ས་ལྷ་ས་ནས་བོད་མི་སྟོང་ཚོ་མང་པོ་དང་ལྷན་དུ་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་པ་ཡོད་པ་དང་།  རྒྱ་ནག་གིས་ཁྲིམས་འགལ་གྱི་ཐོག་བོད་ནང་བཙན་འཛུལ་བྱས་ནས་ལོ་ངོ་༦༠ འཁོར་གྱི་ཡོད་པ་དང་། བོད་ཀྱི་དཔལ་ཡོན་དང་། རིག་གཞུང་། ངོ་བོ་བཅས་རྒྱ་ནག་གིས་གཏོར་བཤིག་བཏང་ནས་ལོ་ངོ་༦༠ འཁོར་གྱི་ཡོད་པ། ཆབ་སྲིད་ཀྱི་ངོ་རྒོལ་བ་རྣམས་དམར་གསོད་གཏོང་བ་དང་། རང་སྣང་གང་དྲན་ཐོག་འཛིན་བཟུང་དང་ཉེས་བརྡུང་བཏང་ནས་ལོ་ངོ་༦༠ འཁོར་གྱི་ཡོད་པ།  རྒྱ་ནག་གིས་བོད་མི་སྟོང་ཚོ་མང་པོ་བསད་ཡོད་པ་སོགས། མདོར་ན། རྒྱ་ནག་གིས་བོད་ཀྱི་སྣོད་བཅུད་གཉིས་ཀ་རྩ་གཏོར་བཏང་དང་གཏོང་མུས་ཡིན་སྐོར། དེང་གི་ཆར་གསར་འགོད་རང་དབང་ཐད་བྱང་ཀོ་རི་ཡ་ལས་བོད་ནང་དམ་དྲག་ཆེ་བ་ཡོད་པ་དང་། སཱི་རི་ཡ་སྤུད་ན་འཛམ་གླིང་གི་རྒྱལ་ཁབ་ཚང་མའི་ཁྲོད་ནས་བོད་དེ་རང་དབང་ཆུང་ཤོས་དང་དམ་དྲག་ཆེ་ཤོས་ཡིན་སྐོར་སོགས་གསུང་སོང་བ་མ་ཟད། ཁོང་གིས་མུ་མཐུད་བོད་གཞིས་བྱེས་གཉིས་སུ་གྱེས་ནས་ལོ་ངོ་༦༠ འཁོར་གྱི་ཡོད་པ་དང་། འདས་པའི་ལོ་ངོ་དེ་དག་གི་རིང་མི་རབས་རྒན་པ་རྣམས་ཀྱིས་བོད་ནང་ཕྱིར་ལོག་ནས་ནང་མི་ལྷན་འཛོམས་ཡོང་རྒྱུའི་རེ་བཞག་དང་བཅས་རྒྱ་གར་ནས་མི་ཚེ་རྫོགས་ཡོད་སྐོར་དང་། བོད་མི་རྣམས་ལ་མཚོན་ན་འདས་པའི་ལོ་ངོ་༦༠ དེ་དཀའ་སྡུག་དང་སྐྱོ་བ། ན་ཟུག་བཅས་ལས་རྫོགས་ཡོད་མིན་ལ་མ་ལྟོས་པར། རྒྱ་གར་གཞུང་མང་གཉིས་ཀྱི་གཞལ་དུ་མེད་པའི་བཀའ་དྲིན་དང་རྒྱབ་སྐྱོར་ལས་བོད་མིའི་ཆོས་དང་རིག་གཞུང་རྒྱ་གར་ནང་ནས་བསྐྱར་གསོ་བྱུང་ཐུབ་ཡོད་ཁར། བོད་མིའི་ངོ་བོ་སྲུང་སྐྱོབ་བྱས་ཐུབ་ཡོད་སྐོར། རྒྱ་ནག་གིས་བོད་མིའི་དགོན་སྡེ་བརྒྱ་ཆ་༩༨ གཏོར་བཤིག་བཏང་ཡོད་ཀྱང། ༧གོང་ས་མཆོག་གི་དབུ་ཁྲིད་འོག་རྒྱ་གར་ནང་དགོན་སྡེ་བསྐྱར་བཞེངས་ཐོག་ནཱ་ལེན་དྲའི་ཆོས་བརྒྱུད་རྒྱ་གར་དང་། བལ་ཡུལ། ཧི་མ་ལ་ཡའི་ས་ཁུལ་ཡོངས་རྫོགས་སུ་བསྐྱར་གསོ་བྱས་ཐུབ་པ་བྱུང་ཡོད་པ་མ་ཟད། ༧གོང་ས་མཆོག་འཛམ་གླིང་གི་ས་ཕྱོགས་གང་སར་ཕེབས་ནས་ནཱ་ལེན་དྲའི་ཆོས་བརྒྱུད་ངོ་སྤྲོད་གནང་ཡོད་སྐོར། བོད་མི་མང་གི་ཆེད་དུ་རྒྱ་གར་ནང་བཞིན་རྒྱལ་ཁབ་གཞན་གང་གིས་ཀྱང་བྱས་མེད་པ་དང་། རྒྱ་གར་གྱི་མི་མང་ནང་བཞིན་བོད་པའི་ཆེད་དུ་བསམ་པ་བཟང་པོ་དང་། བློས་གཏོང་ཆེན་པོ་གཞན་སུས་ཀྱང་བྱས་མེད་སྟབས། མཛད་སྒོ་གྲ་རྒྱས་མིན་ལ་མ་ལྟོས་པར་སེམས་བསམ་པའི་གཏིང་ནས་ཤིན་ཏུ་ནས་བཀའ་དྲིན་ཆེ་ཞུ་བཞིན་ཡོད་སྐོར་སོགས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་ཟབ་རྒྱས་གནང་སོང་།

མཇུག་ཏུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་སྒོ་དང་འབྲེལ་བཀའ་་སློབ་སྩལ་དོན་དུ་“ངོས་ཀྱི་གཞི་རྩའི་ལྟ་གྲུབ་དེ་ང་རང་ཚོས་ནམ་རྒྱུན་ནས་སེམས་ཅན་ཐམས་ཅད་ཟེར་གྱི་ཡོད། ཁ་ཙམ་ཚིག་ཙམ་མིན་པར་སེམས་གཏིང་ནས་ང་ཚོ་ཚང་མི་གཅིག་གྱུར་རེད། དེར་བརྟེན་ངོས་ཀྱི་ནམ་རྒྱུན་ཆོས་གྲོགས་ལྷན་རྒྱས་ཞེས་འབོད་བཞིན་ཡོད། བོད་ནས་བྲོས་བྱོལ་དུ་ཡོང་སྐབས་སེམས་ནང་དངངས་སྐྲག་ཡོད། ལྷ་སར་དྲག་གནོན་ཧ་ཅང་བྱས་པའི་གནས་ཚུལ་ཡོད་སྟབས་སེམས་ཞུམ། སེམས་སྐྱོ་ནས་མ་འོངས་པར་གང་འདྲ་བྱེད་ཡོང་བསམས་པའི་བློ་གཡེང་བྱས་ནས་ཡོང་བ་རེད། དེ་ནས་རིམ་བཞིན་རྒྱ་གར་གཞུང་གིས་གཟིགས་སྐྱོང་གནང་རྒྱུའི་གདེངས་སྤོབས་ཕྲན་བུ་ཐོབ་སྐབས་སེམས་ནང་སྤོབས་པ་ཞིག་རྙེད་པ་དེ་འདྲ་རེད། དེར་བརྟེན་འདིར་པར་རིས་གཉིས་པོ་དེ་མཐོང་སྐབས་སེམས་ནང་དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་བ་སྐྱེས་བྱུང་། སེམས་ནང་དགའ་སྣང་བསླེབ་པའི་མཚམས་དེར་ལོ་བཞི་བཅུ་ལྔ་བཅུའི་རྗེས་སུ་གང་འདྲ་ཆགས་མིན་བསམ་བློའི་ནང་མེད། ད་ཆ་ང་ཚོ་ལོ་དྲུག་ཅུ་ཕྱིན་པའི་སྐབས་འདིར་དྲན་གསོ་བྱེད་སྐབས་སེམས་ནང་གང་ཙམ་ཚོད་ཐིག་རྒྱུ་ཞིག་ཆགས་འདུག གོང་དུ་གསུངས་པ་བཞིན་ངོས་ཀྱིས་ནམ་རྒྱུན་ཤོད་བཞིན་པ་ལྟར། འཕགས་བོད་གཉིས་དགེ་རྒན་དགེ་ཕྲུག་ནང་བཞིན་རེད། ནམ་རྒྱུན་དུ་ཁ་རྒྱུན་ལའང་འཕགས་པའི་ཡུལ་ཞེས་འབོད་བཞིན་ཡོད། ང་ཚོས་རྒྱ་གར་ཁོ་ན་མ་གཏོགས་ཡུལ་གཞན་ལ་འཕགས་པའི་ཡུལ་ཞེས་འབོད་སྲོལ་མེད། ང་ཚོའི་སེམས་ནང་རང་བཞིན་གྱིས་རྒྱ་གར་འཕགས་པའི་ཡུལ་ཞེས་སེམས་གྱི་གཏིང་ནས་དད་མོས་བྱ་རྒྱུ། གུས་བཀུར་བྱ་རྒྱུ། དེ་འདྲའི་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད།”ཅེས་གསུངས་པ་སྦྲགས་རྒྱ་གར་ནས་བཀའ་བསྟན་རྣམས་བོད་སྐད་སྒྱུར་བའི་སྐོར་དང་། རྒྱ་གར་གཞུང་མང་གཉིས་ཀྱི་མཐུན་འགྱུར་རོགས་རམ་དང་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་འོག ལོ་ངོ་སྟོང་ཕྲག་རིང་གི་རྒྱ་གར་མཁས་པའི་རིག་གཞུང་དེ་དག་བོད་པས་བདག་པོ་བརྒྱབ་པ་དེ་དག་གིས་འཛམ་གླིང་སྤྱི་ལ་གང་ཙམ་ཕན་ཐོགས་བྱེད་ཐུབ་པའི་མཚམས་ལ་བསླེབས་ཡོད་སྐོར་སོགས་གསུངས་སོང་།

དེ་བཞིན་ཁོང་གིས་“ད་ལྟའི་ང་རང་ཚོ་བོད་མི་རིགས་ལ་མཚོན་ནའང་སྙིང་སྟོབས་དང་ལྷག་བསམ་ཧ་ལས་པ་རེད། གཙོ་ཆེར་གཞིས་བཞུགས་རྒྱ་ཆེའི་མི་མང་དེ་དག་གིས་དཀའ་སྡུག་ཧ་ཅང་མྱངས་ཡོད་ཀྱང་བོད་མི་རིགས་ཀྱི་ལར་ཞེན་དང་། སོ་སོའི་སྐད་ཡིག་དང་རིག་གཞུང་སོགས་ལ་དོ་ཁུར་ཆེན་པོ་བྱས་ནས་མེས་པོ་ཚོའི་སྐུ་དུས་ནས་རུབ་རུབ་བྱས་ནས་བསྡད་ཡོད། དེ་འདྲའི་བསམ་བློའི་ནང་གཅིག་གྱུར་གྱི་འདུ་ཤེས་དེ་རིང་ཁ་སང་ཧ་ཅང་ཤུགས་ཆེན་པོ་ཡོད་པ་དེའང་རྐྱེན་ངན་གྲོགས་སུ་ཤར་བ་ཞིག་རེད། དེ་ཚོ་ང་ཚོས་སྤོབས་པ་བྱ་འོས་པ་ཞིག་རེད། རྒྱ་གར་གཙོ་བོར་གྱུར་བའི་བཙན་བྱོལ་ནང་གི་བོད་མི་ཚོས་ཀྱང་རང་དོན་རང་གཅེས་ཐོག་ནས་སོ་སོ་རང་ཉིད་བོད་མི་ཞིག་ཡིན་བསམས་པའི་འདུ་ཤེས་དེ་འཛིན་ནས་བོད་མི་རིགས་ཀྱི་དོན་དང་། བོད་མིའི་སྐད་ཡིག་སོགས་ལ་དོ་སྣང་བྱ་རྒྱུ་ཡག་ཐག་ཆོད་འདུག གཙོ་ཆེར་རྒྱ་གར་ནང་ལ་མཚོན་ན་ང་ཚོ་བཙན་བྱོལ་གྱི་མི་འབོར་མང་ཤོས་ཆགས་ཡོད། ད་བར་ལོ་ངོ་དྲུག་ཅུའི་མཚམས་བར་ཡག་ཐག་ཆོད་རེད། ད་དུང་ཡིན་ནའང་ཚང་མས་ལྷོད་གཡེང་དང་ཉི་མ་གང་འཁྱོལ་བཟོ་འདྲ་མིན་པར་གཟབ་དགོས། ལེགས་པའི་ཆར་བསྟོད་བསྔགས་གཞན་གྱིས་བྱ་རྒྱུ་རེད། ང་ཚོས་རང་གི་ལས་འགན་ལ་མཐུད་ཤོར་གང་ནས་འགྲོ་བཞིན་ཡོད་པ་དང་སྐྱོན་གང་ནས་ཡོང་བཞིན་ཡོད་པ་དེ་དག་ལ་ང་ཚོ་རང་ཉིད་ཀྱིས་འགན་འཁྱེར་ནས་སྐྱོན་བསྲང་བྱ་རྒྱུ་དེ་ང་ཚོའི་འགན་རེད། དེ་རིང་འདིར་གསུང་བཤད་གནང་མཁན་ཚོས་ཁ་ནས་འདྲ་ཆགས་ཆགས་ཙམ་མིན་པར་སེམས་གཏིང་ནས་ཧ་ཅང་ཡག་པོ་གསུངས་བར་ཐུགས་རྗེ་ཆེ།”ཞེས་གསུངས་སོང་།

མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་རྟེན་དུ་དངུལ་ལས་གྲུབ་པའི་འཁོར་ལོ་ཆེན་པོ་ཞིག་ཕུལ་སོང་བ་མ་ཟད། གདན་ཞུའི་སྐུ་མགྲོན་རྣམ་པ་ལ་ཡང་འཁོར་ལོ་རེ་ཕུལ་སོང་བ་དང་། སྐུ་མགྲོན་རྣམ་པས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སོང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༡༣༠ ཀློག་གྲངས།