རྒྱ་ནག་གིས་ཨ་རིར་རྒོལ་ལན་བསློགས་འདུག

ཨ་རིས་རྒྱ་ནག་ནས་ནང་འདྲེན་བྱེད་བཞིན་པའི་ཚོང་ཟོག་ལ་སྒོ་ཁྲལ་ཕོན་ཆེན་བརྒྱབ་པར་བརྟེན་ནས། རྒྱ་ནག་གིས་ཀྱང་ཨ་རི་ནས་ནང་འདྲེན་བྱེད་བཞིན་ཚོང་ཟོག་མང་པོ་ཞིག་ལ་སྒོ་ཁྲལ་སྤར་ཡོད་འདུག་པས། ཕྱོགས་གཉིར་བར་གྱི་ཚོང་དམག་ཁྲོད་རྒྱལ་སྤྱིའི་མ་རྐང་ཁྲོམ་ར་ཉམས་རྒུད་དང་ཚོང་ཟོག་གི་རིན་གོང་འཕར་ཉེན་ཡོད་པ་རེད་འདུག

ཟླ་༤ པའི་ཚེས་༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དེ་ཡང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཟླ་༣ པའི་ཚེས་༢༢ ཉིན་ཨ་རིའི་ཚོང་འབྲེལ་སྐུ་ཚབ་ཁང་ལ། རྒྱ་ནག་ནས་ནང་འདྲེན་བྱེད་བཞིན་པའི་ཅ་དངོས་འབོར་ཨ་སྒོར་ཐེར་འབུམ་༥༠ ལྷག་ལ་སྒོ་ཁྲལ་རྒྱག་དགོས་པ་དང་། ཨ་རིའི་ནང་རྒྱ་རིགས་ཀྱི་མ་རྩ་འཛུགས་པར་ཚད་བཀག་བཟོ་དགོས་པའི་བཀའ་ཁྱབ་བཏང་ཡོད་འདུག དེ་ཡང་ཟླ་བ་༧ ལྷག་རིང་ཨ་རྒྱ་གཉིས་བར་གྱི་ཚོང་འབྲེལ་ཁྲོད། རྒྱ་ནག་གིས་ཨ་རིའི་ཚོང་ལས་ཁང་གི་རིག་རྩལ་བདག་དབང་རྐུ་འཕྲོག་དང་། ཕྱོགས་གཉིས་བར་ཅ་དངོས་ནང་འདྲེན་དང་ཕྱི་འདྲེན་གྱི་འབོར་ཆ་སྙོམས་མེད་པ་སོགས་ཀྱི་ཐོག་ལ་ཉམས་ཞིབ་བྱས་རྗེས་བཀའ་ཁྱབ་དེ་བཏང་བ་ཡིན་འདུག སྲིད་འཛིན་ཊོམ་གྱིས་བཀའ་ཁྱབ་དེར་མིང་རྟགས་བཀོད་སྐབས། ཨ་རྒྱ་གཉིས་ད་ལྟ་ཡང་གྲོགས་པོ་ཡིན་པ་དང་། སྲིད་འཛིན་ཞི་ཅིན་ཕིང་ལ་གུས་བརྩི་ཆེན་པོ་ཡོད་པ། རྒྱ་ནག་ལ་གྲོགས་པོའི་འདུ་ཤེས་ཡོད་སྐོར་བརྗོད་ཡོད་ཀྱང་། རྒྱ་ནག་གི་ཚོང་འབྲེལ་ལྷན་ཁང་ནས་ཨ་རིའི་བྱ་སྤྱོད་དེར་རྒོལ་ལན་སློག་ཆེད་དུ། ཨ་རི་ནས་ནང་འདྲེན་བྱེད་བཞིན་པའི་ཚོང་ཟོག་འབོར་ཨ་སྒོར་ཐེར་འབུམ་༣ ལྷག་ལ་ཁྲལ་རྒྱག་རྒྱུའི་འཆར་གཞི་ཡོད་པ་དང་། རྒྱ་ནག་ལ་ཚོང་དམག་རྒྱག་རྒྱུའི་འདོད་པ་མེད་ཀྱང་། དེ་ལྟར་བྱེད་རྒྱུར་ཞེད་སྣང་ཡང་མེད་ལ། གནད་དོན་གང་ལ་ཡང་གདོང་ལེན་བྱེད་ཐུབ་པའི་གདེངས་ཚོད་ཡོད་སྐོར་དང་། ཨ་རིར་ཚོང་དམག་བརྒྱབ་ཚེ་ཕྱོགས་གང་ལ་ཡང་ཕན་ཐོགས་མེད་པས་ཐག་གཅོད་དེ་མཚམས་འཇོག་དང་ཕྱིར་འཐེན་བྱེད་པའི་རེ་སྐུལ་བྱས་ཡོད་པ་རེད་དེ། ཨ་རིས་ཡ་ལན་བཟང་པོ་གང་ཡང་བརྒྱབ་མེད་པས། རྒྱ་ནག་གིས་དངོས་སུ་ཨ་རི་ནས་ནང་འདྲེན་བྱེད་བཞིན་པའི་ཚོང་ཟོག་འབོར་ཨ་སྒོར་ཐེར་འབུམ་༣ ཙམ་ལ་སྒོ་ཁྲལ་བརྒྱབ་ཡོད་པའི་གསལ་བསྒྲགས་བྱས་ཏེ། ཟླ་༤ པའི་ཚེས་༢ ཉིན་ནས་དངོས་སུ་ལག་ལེན་བསྟར་ཡོད་འདུག

རྒྱ་ནག་གིས་ཐག་གཅོད་དེ་ནི་རྒྱ་ནག་གི་ཁེ་ཕན་སྲུང་སྐྱོབ་དང་། ཨ་རིའི་སྒོ་ཁྲལ་ལ་བརྟེན་ནས་བྱུང་བའི་གྱོང་གུད་རྣམས་ཁ་གསབ་ཆེད་ཡིན་སྐོར་བརྗོད་འདུག དེ་ཡང་ཨ་རི་ནས་ནང་འདྲེན་བྱེད་བཞིན་པའི་རྒུན་ཆང་དང་ཕག་ཤ་སོགས་ཚོང་ཟོག་༡༢༨ ལ་སྒོ་ཁྲལ་བརྒྱ་ཆ་༢༥ བར་སྤར་ཡོད་འདུག

ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཚོང་དམག་ནི་ཡག་པོ་ཡོད་པ་དང་། ཨ་རིར་རྒྱལ་ཁ་ཐོབ་རྒྱུ་ལས་སླ་པོ་ཡིན་སྐོར་བརྗོད་ནས། ཨ་རིའི་གཞུང་གིས་དེ་སྔོན་གྱི་སྒོ་ཁྲལ་ཐོག་ཏུ། སླར་ཡང་རྒྱ་ནག་ནས་ནང་འདྲེན་བྱེད་བཞིན་པའི་ཚོང་ཟོག་འབོར་ཨ་སྒོར་ཐེར་འབུམ་བཅུ་ཕྲག་ཁ་ཤས་ལ་སྒོ་ཁྲལ་བརྒྱབ་རྒྱུའི་འཆར་གཞི་གསལ་བསྒྲགས་བྱས་ཡོད་འདུག

ཕྱོགས་གཉིས་བར་སྒོ་ཁྲལ་རྒྱག་རེས་བྱེད་སྐབས། ཚོང་ཟོག་དེ་དག་གི་བཟོ་སྐྲུན་པ་རྣམས་ཀྱིས་སྒོ་ཁྲལ་ཆེན་པོའི་ཁ་གསབ་ཡོང་ཆེད། ཚོང་ཟོག་གི་རིན་གོང་སྤར་ནས། ཚོང་ཟོག་ཉོ་མཁན་མི་མང་ལ་དཀའ་ངལ་འཕྲད་རྒྱུ་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༧༡༩ ཀློག་གྲངས།