རྒྱལ་ཚོགས་ཀྱི་དྲུང་ཆེས་པཱ་ཀི་སི་ཐན་དུ་གཟིགས་ཞིབ།

དེ་ཡང་ཟླ་འདིའི་ཚེས་༡༥ ཉིན་བྷི་བྷི་སིའི་གསར་འགོད་པས་པཱ་ཀི་སི་ཐན་ནས་གནས་ཚུལ་སྤེལ་བ་ལྟར་ན། བདུན་གཉིས་ཀྱི་སྔོན་དུ་པཱ་ཀི་སི་ནང་རང་བྱུང་ཆུ་ལོག་གི་གནོད་འཚེ་ཆེན་པོ་བྱུང་ནས། མི་གྲངས་ས་ཡ་༢༠ ལྷག་ཙམ་གྱི་ཁང་ཁྱིམ་དང་ས་ཞིང་སོགས་ལ་གཏོར་སྐྱོན་བྱུང་ཡོད་པ་དང། དེའི་ནང་ནས་ད་ལྟའི་སྐབས་ཤེས་རྟོགས་བྱུང་བ་མི་གྲངས་༡༥༠༠ ཙམ་རྐྱེན་ལམ་དུ་སོང་ཡོད་པ་རེད། སྨན་པ་དང་འཕྲོད་བསྟེན་ཆེད་ལས་པ་སོགས་ཀྱིས། མི་ཤི་རྨས་དང་ཆུ་འཁྱགས་ཀྱི་གནོད་འཚེ་ལས་བྱུང་བའི་ནད་ཡམས་མང་པོ་ཞིག ས་ཁུལ་དེར་ཁྱབ་བརྡལ་དུ་འགྲོ་བཞིན་ཡོད་པའི་ཉེན་བརྡ་བཏང་ཡོད་པ་རེད།

གོ་སྐབས་དེ་དང་བསྟུན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་བྷན་ཁི་མུན། པཱ་ཀི་སི་ཐན་གྱི་རང་བྱུང་ཆུ་ལོག་གི་གནོད་འཚེ་ཕོག་ཡུལ་དུ་ཆེད་བསྐྱོད་གནང་ཡོད་པ་དང།  རྟོགས་ཞིབ་གྲུབ་རྗེས་པཱ་ཀི་སི་ཐན་དུ་དྲུང་ཆེ་ཁོང་དང་པཱ་ཀི་སི་ཐན་གྱི་སྲིད་འཛིན་རྣམ་གཉིས་ལྷན་བཞུགས་ཀྱིས། གསར་འགོད་གསལ་བསྒྲགས་ཤིག་བསྐོངས་ཡོད་པ་རེད། དྲུང་ཆེས། “པཱ་ཀི་སི་ཐན་དུ་བྱུང་བའི་ཆུ་ལོག་གི་གནོད་འཚེ་འདི་ལ་ང་དང་ངའི་རོགས་པ་ཚང་མས་སེམས་འཁུར་བྱེད་ཀྱི་ཡོད། ཁང་ཁྱིམ་དང་ས་ཞིང་གཏོར་བཤིག རྐྱེན་ལམ་དུ་སོང་བ་དང་རྨས་སྐྱོན་བྱུང་བའི་དཀའ་སྡུག་རྣམས། ད་ཐེངས་རང་ཉིད་ཀྱིས་དངོས་སུ་མཐོང་བྱུང་བས་ནམ་ཡང་བརྗེད་མི་སྲིད་”ཅེས་དང། ཡང་ཁོང་གིས་མུ་མཐུད་ནས། “པཱ་ཀི་སི་ཐན་གྱི་མི་མང་ལ་ཟས་དང་སྨན། འཐུང་ཆུ། ཁང་ཁྱིམ་སོགས་ཧ་ཅང་དགོས་གལ་ཆེན་པོ་ཡིན་པ་དང། དེ་ལས་གལ་ཆེ་བའི་གནད་དོན་ཞིག་ལ་སེམས་ཁུར་བྱེད་དགོས་པ་ནི། བཤལ་ནད་དང་ཆུ་ལས་བྱུང་བའི་ནད་ཡམས་སོགས་ཁྱབ་བརྡལ་འགྲོ་བཞིན་ཡོད་པས། འཛམ་གླིང་འདིའི་ཐོག་ཡོད་པའི་སྨན་པ་མཁས་པ་དང་། འཕྲོད་བསྟེན་ལྟ་སྐྱོང་བ་སོགས་ཀྱིས་ངེས་པར་དུ་རོགས་རམ་བྱེད་དགོས་ཀྱི་འདུག་”ཅེས་རེ་སྐུལ་ཞུས་ཡོད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་དབུས་མྱུར་སྐྱོབ་ཐེབས་རྩ་ཚོགས་པའི་ངོས་ནས་ཨ་སྒོར་ས་ཡ་༡༠ དང།  དེ་དང་འབྲེལ་ནས་རྒྱལ་ཚོགས་ཀྱི་སྡེ་ཚན་ཁག་སྣ་ཚོགས་ནས། ཁྱོན་ཨ་སྒོར་ས་ཡ་༢༧ ཙམ་གྱི་རོགས་རམ་པཱ་ཀི་སི་ཐན་དུ་གཏོང་གཏན་འཁེལ་ཡོད་པ་རེད།

ཆུ་ལོག་གི་གནོད་འཚེ་འདི་པཱ་ཀི་སི་ཐན་གྱི་ནུབ་བྱང་ཁུལ་ནས་བྱུང་ཡོད་པས། རྒྱལ་ཁབ་ཀྱི་འབྲུ་རིགས་ཐོན་ཁུངས་ཀྱི་ས་ཞིང་བཟང་ཤོས་རྣམས་རྩ་མེད་བཏང་ཡོད་པས། དཔལ་འབྱོར་ཉམས་རྒུད་ལ་ཉེན་ཚབས་ཆེན་པོ་ཆགས་ཡོད་པ་རེད། ད་ལྟའི་སྐབས་ཨ་རི་གཞུང་གིས་པཱ་ཀི་སི་ཐན་གྱི་མི་མང་དང། ཡུལ་དེར་འཇིགས་སྐུལ་རིང་ལུགས་པས་གོ་སྐབས་དེ་དང་བསྟུན་ནས། བདེ་འཇགས་ལ་གནོད་འཚེ་མི་ཡོང་བའི་ཆེད་དུ་ཨ་སྒོ་ས་ཡ་༧༠ ཙམ་ཞལ་འདེབས་གནང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།
.{jcomments on}

Share this:
༤༦ ཀློག་གྲངས།