ཤེས་རིག་བཀའ་བློན་གསར་པའི་དམ་འབུལ་མཛད་སྒོ།

ཤེས་ཡོན་གྱི་ཐོག་ནས་ལས་ཀ་ཨང་དང་པོར་བྱ་རྒྱུ་དེ་༧གོང་ས་མཆོག་གི་བཀའ་བཞིན་བོད་མི་རིགས་ཀྱི་སྐད་དང་རིག་གཞུང་ཐོག་ཡིན་ཞེས་ཤེས་རིག་བཀའ་བློན་གསར་པ་པདྨ་དབྱངས་ཅན་གྱིས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༣ ཉིན་དྷ་ས་གངས་སྐྱིད་ཀྱི་ཚོགས་ཁང་གསར་པའི་ནང་། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལ་གསར་དུ་འདེམས་ཐོན་བྱུང་བའི་པདྨ་དབྱངས་ཅན་གྱིས་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་ཀྱི་མདུན་དུ་བཀའ་བློན་གྱི་དམ་འབུལ་ཞུས་སོང་ཞིང་། དམ་འབུལ་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་གཞུང་ཞབས་ལས་བྱེད་ཁག་ཅིག་བཅས་ཕེབས་འདུག

དམ་འབུལ་མཛད་སྒོ་གྲུབ་པ་དང་གསར་འགོད་པས་བཀའ་བློན་དམ་འབུལ་ཐོག་ཐུགས་ཚོར་ཇི་བྱུང་དང་། ཤེས་རིག་བཀའ་བློན་གྱི་ཐུགས་འགན་བཞེས་ཀྱི་ཡོད་དུས་དེའི་ཐོག་འཆར་གཞི་ག་རེ་ཡོད་མེད་ཅེས་དྲིས་པའི་ལན་དུ། “གུས་མོར་མཚོན་ན་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། ང་རང་བོད་ཕྲུག་ཁྱིམ་སྡེ་ནས་འཚར་ལོངས་བྱུང་བ་ཞིག་ཡིན་དུས་ཨ་མ་རྗེ་བཙུན་པདྨ་ལགས་ཐུགས་རྗེ་བཀའ་དྲིན་ཆེན་པོ་ཡིན་སྟབས། དེར་བཀའ་དྲིན་བསམ་ཤེས་བྱེད་དགོས་པ་ཆགས་ཀྱི་ཡོད་རེད། ང་རང་ལ་ཡིན་ན་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཧ་ཅང་ཡག་པོ་ཐོབ་ཡོད་སྟབས། ད་ཐེངས་སྲིད་སྐྱོང་གིས་ཤེས་རིག་བཀའ་བློན་དུ་བསྐོ་བཞག་གནང་བར་དགའ་ཚོར་ཆེན་པོ་བྱུང་ལ་འགན་ཆེན་པོ་ཞིག་ཡོད་པའི་ཚོར་སྣང་ཤུགས་དྲག་འདུག འོན་ཀྱང་། གུས་མོ་རང་ཉིད་ཀྱི་རྒྱབ་ལྗོངས་དེ་ཤེས་རིག་གི་ཐོག་ལ་ཡིན་སྟབས་དེའི་ཐོག་ནས་གདེངས་སྤོབས་ཆེན་པོའི་སྒོ་ནས་ཞུ་རྒྱུ་ཞིག་ལ། ཤེས་རིག་གི་ཐོག་ནས་ཞབས་ཞུ་ཡག་པོ་སྒྲུབ་ཐུབ་པའི་དམིགས་ཡུལ་ཡོད་ལ་སྒྲུབ་རྒྱུའི་འཆར་གཞི་ཡང་ཡོད་”ཅེས་གསུངས་སོང་།

བུད་མེད་ཅིག་ཡིན་པའི་ངོས་ནས་བཀའ་བློན་གྱི་ལས་གནས་སུ་ཕེབས་དུས་དམིགས་བསལ་ཐུགས་འགན་འདྲ་ཚོར་གྱི་ཡོད་མེད་དྲིས་པར། “ང་རང་བུད་མེད་ཅིག་དང་ཉམ་ཐག་ཅིག་ཡིན་པའི་ངོས་ནས། དམིགས་བསལ་བུད་མེད་ཅིག་ཡིན་པའི་ངོས་ནས་ཞུས་ན་ད་ལྟའི་ལས་གནས་གལ་ཆེན་པོ་འདིར་སླེབས་དུས་དམིགས་བསལ་གྱིས་སྤོབས་པ་ཆེན་པོ་ཡོད། དེར་བརྟེན་ང་རང་གི་ངོས་ནས་གཅིག་ག་རེ་ཞུ་ཐུབ་ཀྱི་འདུག་ཟེར་ན། ང་རང་ཚོ་བུད་མེད་གཞོན་སྐྱེས་མང་པོ་ཞིག་ལ་སེམས་ཤུགས་འཕར་རྒྱུར་ཏན་ཏན་ཕན་ཐོགས་ཡོང་གི་རེད་དྲན་གྱི་འདུག་”ཅེས་གསུངས་སོང་།

དེ་བཞིན་རྒྱ་གར་བོད་སློབ་འཛིན་ཚོགས་ནས་སློབ་གྲྭ་མང་པོ་ཞིག་ཚུར་རྩིས་ལེན་གྱི་ཡོད་སྟབས་དམིགས་བསལ་འགན་འཁྲི་ཡོད་པ་གསུངས་ཀྱི་ཡོད་སྟབས། དེའི་ཐོག་དམིགས་བསལ་འཆར་གཞི་ཡོད་མེད་དང་། མི་མང་ལ་དམིགས་བསལ་ཁས་ལེན་དམ་བཅའ་ཞུ་རྒྱུ་ཡོད་མེད། དེ་བཞིན་ཤེས་ཡོན་གྱི་ཐོག་ནས་ལས་ཀ་ཨང་དང་པོར་བྱ་རྒྱུ་དེ་ག་རེ་ཡིན་མིན་སྐོར་དྲིས་པར།  ཁོང་གིས། “ང་རང་ཚོ་བཙན་བྱོལ་བོད་མིིའི་ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་པར་ད་ལྟའི་བར་གྱི་ཤེས་རིག་བཀའ་བློན་ཟུར་པ་རྣམས་དང་། ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་རྣམ་པ་ཚང་མས་སྐུ་ལས་མང་པོ་བསྐྱོན་ཡོད་རེད། ཤེས་ཡོན་འཕེལ་རྒྱས་དང་ཤེས་ཡོན་སྲིད་ཇུས་ལག་བསྟར་བྱ་ཆེད་ཐུགས་འཁུར་མང་པོ་བཞེས་ཡོད་རེད། དེའི་ཐོག་ལ་ང་རང་གི་ཐོག་ནས་འཕར་མ་ག་རེ་བྱེད་ཐུབ་ས་རེད། མུ་མཐུད་ནས་འཕེལ་རྒྱས་གཏོང་བར་ག་རེ་བྱེད་དགོས་འདུག དེའི་རིགས་དེ་ལས་ཀ་ཞིག་འགོ་བཙུགས་རྗེས་གྲོས་བསྡུར་དང་བགྲོ་གླེང་བྱས། ཉམས་ཞིབ་བྱས་ནས་ག་རེ་དགོས་ཀྱི་འདུག ང་རང་གི་ངོས་ནས་གང་གི་ཕྱོགས་ནས་དམིགས་བསལ་ཕན་ཐོགས་ས་རེད་ག་ལེར་བྱས་ནས་མ་གཏོགས་ད་ལྟ་ཏན་ཏན་ཞུ་ཐུབ་ས་མ་རེད་”ཅེས་དང་། “ང་རང་གི་སློབ་སྦྱོང་གི་རྨང་གཞི་དེ་ཤེས་ཡོན་གྱི་ཐོག་ལ་ཡིན་སྟབས། ཤེས་ཡོན་གྱི་ཐོག་ནས་ངས་ཏན་ཏན་ཤུགས་རྒྱག་ཐུབ་ཀྱི་རེད་དྲན་གྱི་འདུག དེར་བརྟེན། ང་རང་གི་ངོས་ནས་ནུས་པ་གང་ཡོད་བཏོན་ནས་བཀའ་བློན་གྱི་དུས་ཡུན་ལོ་གསུམ་དེའི་རིང་ལ་ལྷག་བསམ་རྣམ་དང་། གང་ཅིའི་ཐད་ནས་འབད་བརྩོན་ཞུ་རྒྱུའི་དམ་བཅའ་ཡོད་ཞུ་རྒྱུ་ཡིན་”ཞེས་དང་། ཤེས་ཡོན་གྱི་ཐོག་ནས་ལས་ཀ་ཨང་དང་པོར་བྱ་རྒྱུ་དེ་༧གོང་ས་མཆོག་གི་བཀའ་བཞིན་བོད་མི་རིགས་ཀྱི་སྐད་དང་རིག་གཞུང་མུ་མཐུད་ནས་ཡར་རྒྱས་གཏོང་རྒྱུ་དེ་ཡིན་པ་དང་། དེ་ནི་༧གོང་ས་མཆོག་གི་བཀའ་དགོངས་དང་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་སྲིད་ཇུས་ནང་དེ་ག་རང་ཡོད་པ་ཞིག་ཡིན་སྟབས། དེའི་ཐོག་ལ་ཤུགས་རྒྱག་རྒྱུ་དེ་བརྗོད་མ་དགོས་པ་ཞིག་ཡིན་སྐོར་གསུངས་སོང་།

འདི་ལོའི་ཕྱི་ཟླ་༣ པའི་ཚེས་༢༡ ཉིན་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སྐབས་༡༦ པའི་གྲོས་ཚོགས་ཚོགས་དུས་༥ པའི་ལས་ཉིན་༧ པའི་ཐོག སྲིད་སྐྱོང་བློ་བཟང་སེང་གེས་འབུམ་རམས་པ་པདྨ་དབྱངས་ཅན་བཀའ་བློན་གྱི་འོས་མིར་མིང་འདོན་གནང་བ་བཞིན། གྲོས་ཚོགས་འཐུས་མི་རྣམ་པས་གསང་བའི་འོས་བསྡུའི་ཐོག་རྒྱབ་སྐྱོར་གྱི་འོས་གྲངས་༢༦ དང་དགག་པའི་འོས་གྲངས་༡༥། བར་གནས་༣ བཅས་ཐོན་ནས། མང་མོས་ཀྱི་ཐོག་ནས་བཀའ་བློན་དུ་འདེམས་ཐོན་བྱུང་ཡོད་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

 

Share this:
༡༧༧ ཀློག་གྲངས།