རང་བཙན་ལས་འགུལ་ནི་ངའི་འཚོ་བའི་ཆ་ཤས་ཡིན། 

ནགས་འཕྲན་པ་བསོད་ནམས་ཚེ་རིང་། 

དེ་རིང་ང་དང་ངའི་གྲོགས་པོ་ཞིག་གི་བར་རྒྱུན་རིང་པོའི་རྗེས་ཀྱི་ཁ་བརྡ་ཐོག་མ་དེ་བྱས་པ་ཡིན། ངེད་གཉིས་ཀྱིས་སོ་སོའི་འཚོ་བ་དང་ཁོར་ཡུག གནམ་གཤིས་སོགས་ཀྱི་སྐོར་ནས་ཁ་བརྡ་བྱས་རྗེས། སོ་སོའི་ལངས་ཕྱོགས་ཀྱི་ཐད་ནས་ཀྱང་ཁ་བརྡ་བྱས་པ་ཡིན། མ་གཞི་ནས་ང་དང་ངའི་གྲོགས་པོ་མང་པོ་ཞིག་གི་བར་ག་དུས་ཡིན་ན་སྒེར་གྱི་འཚོ་བ་དང་གནས་བབས་ཙམ་ལས་བརྒལ་དེ་བོད་སྤྱི་བའི་རྩ་དོན་ཟེར་ན་འདྲ། ཆབ་སྲིད་ཀྱི་ལངས་ཕྱོགས་ཟེར་ན་འདྲ། གང་ལྟར་སེམས་ན་བ་བཤད་འདོད་དང་ལུས་ན་བ་ཉུལ་འདོད་ཀྱི་སྐད་ཆ་རེ་ཡོད་ཡོད་པ་རེད།

ཁོས་ང་ལ་རྩེད་མོ་ཚུལ་དུ། དེང་སྐབས་ཁྱེད་ཚོ་རང་བཙན་འཐབ་རྩོད་པ་ཚོས་ག་རེ་བྱེད་ཀྱི་ཡོད་ཟེར། ངས་ཡང་རྩེད་མཚར་གྱི་ཚུལ་དུ་ང་ཚོས་རང་བཙན་འཐབ་རྩོད་བྱེད་ཟེར་བ་དེ་སྐད་འབོད་བྱས་ནས་ཁྲོམ་ལམ་འགྲིམ་པ་དང་། ལས་འགུལ་སྤེལ་ཟེར་ནས་མང་ཚོགས་སུ་འུར་སློང་བ་དེ་འདྲ་གཅིག་པུ་མ་རེད། གཙོ་བོ་སོ་སོའི་སེམས་བསམ་པའི་གཏིང་ནས་སོ་སོའི་རྒྱལ་ཁབ་ཀྱི་བདག་དབང་བློས་མི་གཏོང་བ་དང་། སོ་སོའི་མི་རིགས་(nation) ཀྱི་མཚོན་བྱེད་མི་འདོར་བར་ཉིན་རེའི་འཚོ་བའི་ཁྲོད་ན་མཉམ་དུ་ཡོད་པ་ཞིག་བྱེད་ཀྱི་ཡོད་རེད། དེའི་མཚོན་དོན་གང་རེད་ཟེར་ན་ནམ་ཞིག་ལ་ང་ཚོས་བོད་རྒྱལ་ཁབ་བསྐྱར་འཛུགས་བྱ་རྒྱུ་ཡིན་ཟེར་བ་དེ་རེད། ཅེས་བཤད་པ་ཡིན།

དེ་ནས་ཁོས། ཨོ་རེད་རེད། འཆར་གཞི་མེད་པ་དང་གོ་རིམ་མེད་པ། ཐབས་ལམ་མེད་པའི་ཉིན་རེའི་འཚོ་བའི་ནང་ཅིག་བྱེད་ཀྱི་ཡོད་ཟེར་ན་དངོས་གནས་མི་ལ་སྟོན་རྒྱུ་ཞིག་དང་མིས་མཐོང་རྒྱུ་ཞིག་མི་འདུག་ཨ་ཟེར་བར། ངས་རེད་རེད། མ་གཞི་ནས་ང་ཚོའི་སེམས་བསམ་བློའི་ནང་བོད་རང་བཙན་གྱི་ལངས་ཕྱོགས་ཤིག་ཡོད་པ་དང་དེའི་ཆེད་དུ་ཅིག་བྱེད་ཀྱིན་ཡོད་པ་དེ། མི་ལ་ངོམ་ཡ་དང་། ཡང་ན་མི་ལ་སྟོན་ཡ། ཡང་ན་མི་ཞིག་གིས་ཅིག་ཨེ་མཐོང་བསམ་པའི་ཀུན་སློང་ཡོད་པ་མ་རེད། ང་ཚོས་བོད་རང་བཙན་དང་རྒྱལ་ཁབ་སླར་གསོའི་འདུ་ཤེས་དེ་སོ་སོའི་མི་ཚེའི་འཚོ་བའི་ཆ་ཤས་ཤིག་གི་ཐོག་ནས་འགྲོ་རྒྱུ་དེ་རེད་ཅེས་བཤད་པ་ཡིན།

གང་ལྟར་ངེད་འདི་ལྟར་ཕར་བཤད་ཚུར་བཤད་མང་པོ་ཞིག་བྱས་པ་ཡིན། ད་དུང་ཁོས་ང་ལ་སྔོན་མ་ཚེ་དབང་རིག་འཛིན་གྱིས་༸གོང་ས་མཆོག་ལ་བོད་ནང་ནས་རྒྱ་མི་ཚང་མ་ཕྱིར་ཕུད་བྱེད་ཐུབ་ཅེས་བཤད་པ་རེད་ཟེར། ཁྱེད་རང་ཚོ་དངོས་གནས་ཁ་ཕོ་ཆེན་པོ་འདུག་ཨ་ཟེར། ངས་ཁོ་ལ་་་་་མ་གཞི་ནས་ཚེ་དབང་རིག་འཛིན་གྱིས་དེ་ལྟར་བཤད་པ་དེ་༸གོང་ས་མཆོག་གིས་བོད་ནས་རྒྱ་མི་ཕུད་ཨེ་ཐུབ་ཅེས་དྲིས་པའི་ལན་དུ་ཐུབ་ཅེས་ཞུས་པ་རེད། ཡིན་ནའང་། ང་ལ་མཚོན་ན་བོད་རང་བཙན་གྱི་རྒྱལ་ཁབ་འཛུགས་སྐབས་བོད་ནང་དུ་ཡོད་པའི་རྒྱ་མི་དེ་ཚོ་ཡིན་གཅིག་མིན་གཉིས་བོད་ནས་ཕྱིར་ཕུད་གཏོང་དགོས་པའི་བསམ་བློ་མེད། རྒྱ་མི་དེ་ཚོའི་ཆེད་དུ་རྒྱ་ནག་དང་མཉམ་དུ་སྐད་ཆ་བཤད་ཆོག་གི་རེད། ངེད་རྒྱལ་ཁབ་གཉིས་ཀྱི་བར་དུ་སོ་སོའི་རྒྱལ་ཁོངས་སུ་ཕྱི་མི་ཇི་ལྟར་འདུག་དགོས་མིན་གྱི་གྲོས་བསྡུར་བྱེད་ཆོག་གི་རེད། ཐ་ན་ང་ཚོས་རྒྱ་མི་བོད་ནས་འདུག་འདོད་མཁན་དེ་ཚོ་ལ་ཆ་རྐྱེན་ངེས་ཅན་གྱི་ཐོག་ནས་བོད་རྒྱལ་ཁབ་ཀྱི་མི་སེར་སྤྲད་ཆོག་གི་རེད། མ་འོངས་པའི་བོད་རྒྱལ་ཁབ་དེ་མི་རིགས་གཅིག་ཅན་གྱི་རྒྱལ་ཁབ་ཅིག་ཡིན་དགོས་པའི་ངེས་པ་ཡོད་པ་མ་རེད། ཅེས་བཤད་པ་ཡིན།

མ་གཞི་ངའི་གྲོགས་པོ་ཁོ་རང་ཡང་དབུ་མའི་ལམ་གྱི་ལངས་ཕྱོགས་ཁོ་ན་འཛིན་མཁན་ཞིག་མིན་དེ། ཁོས་ང་ལ་ནམ་ཡིན་ན་ཆབ་སྲིད་ལངས་ཕྱོགས་དང་འབྲེལ་བའི་སྐད་ཆ་བཤད་སྐབས་ལྡོག་ཕྱོགས་ཁོ་ན་བཤད་ཀྱི་རེད།

ངའི་གྲོགས་པོས་ང་ལ་ཆེད་དུ་སྙད་བསྐོ་བ་བཞིན། རེད་རེད་ཁྱེད་རང་ཁ་བདེ་པོ་ཡོད། དངོས་གནས་བྱས་ན་རང་བཙན་འཐབ་རྩོད་ཅེས་པ་དེ་རྨི་ལམ་ལྟ་བུ་ཞིག་རེད། ཐབས་ལམ་གྱི་ཆ་ནས། འཆར་གཞིའི་ཆ་ནས་མདོར་ན་ཡོང་རྒྱུ་མེད་པ་ཞིག་རེད་ཟེར། སྐབས་དེར་ངས་ཁོ་ལ། དེ་ལྟར་མ་རེད། ཐབས་ལམ་གྱི་ཆ་ནས་བར་ལམ་ཞིག་ལ་༸རྒྱལ་བ་རིན་པོ་ཆེ་ཚང་གིས་བོད་རང་བཙན་ག་འདྲ་རྩོད་ཀྱི་ཡིན། རྒྱ་མི་དུང་ཕྱུར་མང་པོ་རེད། ང་ཚོ་ས་ཡ་དྲུག་ཙམ་རེད། འཐབ་པ་ཡིན་ན་བོད་མི་རེ་རེ་ལ་ཡང་རྒྱ་མི་སྟོང་ཕྲག་ཐོབ་ཀྱི་རེད་ཅེས་གསུངས་པ་དེ་ཁྱེད་རང་ཚོས་ང་ཚོ་ལ་ཁ་གཏད་གཅོག་བྱེད་ཡོད་ན་མེད་ན་གཅིག་རེད། ཡིན་ནའང་། དངོས་གནས་བཤད་ན། བོད་རང་བཙན་བརྩད་ན་ཡིན་གཅིག་མིན་གཉིས་རྒྱ་མི་རིགས་དང་བོད་མི་རིགས་གཉིས་པོ་གཡུལ་འགྱེད་ལ་ཞུགས་དགོས་ཀྱི་ཡོད་པ་མ་རེད། འཚེ་བ་མེད་པ་དང་ཞི་བའི་ལམ་ནས་རང་བཙན་རྩོད་ལེན་བྱེད་ཆོག་གི་རེད། ཕྱི་ལོ་༡༩༤༩ ནས་ད་བར་འཛམ་གླིང་ཐོག་རང་བཙན་རྒྱལ་ཁབ་༡༡༣ ཡར་མར་ཞིག་བྱུང་འདུག དེ་ཚང་མ་གནས་སྟངས་འདྲ་མིན་སྣ་ཚོགས་ཀྱི་འོག་ནས་རང་བཙན་རྒྱལ་ཁབ་ཆགས་པ་རེད་དེ། གང་ལྟར་ཚང་མ་མང་ཚོགས་གཡུལ་ལ་ཞུགས་པ་ཁོ་ན་ལས་ཐབས་ལམ་མེད་སོང་པ་མ་རེད། དཔེར་ན་རྒྱ་ནག་གིས་ང་ཚོར་རང་རྒྱལ་གྱི་པང་དུ་ལོག་ཤོག་ཟེར་བའི་སྐབས་༡༩༥༩ ལོར་ནུབ་ཕྱོགས་ཀྱི་་་་་ལ་ཨོ་སུ་་་་་དང་ཤར་ཕྱོགས་ཀྱི་་་་་འབྲུག་ཡུལ་་་་་གཉིས་ཀ་རང་བཙན་རྒྱལ་ཁབ་ལ་གྱུར་པ་རེད། དེ་ནས་༡༩༥༩ བར་༸གོང་ས་མཆོག་རྒྱ་གར་ལ་ཆིབས་བསྒྱུར་མ་བསྐྱང་གི་བར་ལ་ Libya, Cambodia, Sudan, Morocco, Tunisia, Ghana, Malaysia, Guinea འདི་ཚང་མ་རང་བཙན་རྒྱལ་ཁབ་བྱས་པ་རེད། དེ་ནས་མར་བརྩིས་པས་༢༠༡༡ ལོའི་ཕྱི་༧ ཚེས་༩ ཉིན་south sudan རང་བཙན་རྒྱལ་ཁབ་བྱས་པ་རེད། གང་ལྟར་ ༡༩༤༩ ནས་ ༢༠༡༡ བར་རང་བཙན་རྒྱལ་ཁབ་༡༡༣ ཡར་མར་བྱུང་འདུག ཉེ་ཆར་རང་དབྱིན་ཇིའི་རྒྱལ་ཁབ་ནས་ Scotland རང་བཙན་བྱ་རྒྱུ་དང་། སེ་པེན་རྒྱལ་ཁབ་ནས་ཁེ་ཊི་ལོ་ཎི་ཡའི་རང་བཙན་རྒྱལ་ཁབ་བྱ་རྒྱུའི་རྩོད་ལེན་བྱས་པ་རེད། གང་ལྟར་གནས་ཚུལ་འདི་ཚོ་ཚང་མའི་ཐོག་ནས་བསམ་བློ་བཏང་ན་བོད་རང་བཙན་གྱི་རྒྱལ་ཁབ་བསྐྱར་གསོ་བྱ་རྒྱུ་ཟེར་བ་དེ་ནམ་མཁའི་མེ་ཏོག་ཞིག་གང་ཡིན་ཞེས་རྩོད་པ་བྱས་པ་ཡིན། མཐར་ཁོས་ང་ལ་འགྲིག་གི་འགྲིག་གི་ཁྱོའི་སེམས་ཤུགས་ད་རུང་ཆགས་མི་འདུག །རྨི་ལམ་སྐྱིད་པོ་ཐོངས་ཟེར།

གང་ལྟར་དེ་ངེད་གཉིས་ཀྱིས་དེ་ལྟར་བཤད་འདོད་པའི་སྐད་ཆ་མང་པོ་ཞིག་བཤད་རྒྱུ་བྱུང་བར་དགའ་པོ་བྱུང་བས་ཡི་གེ་འདི་དྲན་རྟེན་གྱི་ཚུལ་དུ་བྲིས་པ་ཡིན།།

Share this:
༢༦༢ ཀློག་གྲངས།