རྒྱ་ནག་གིས་ཨ་རིའི་སྒོ་ཁྲལ་འཆར་གཞིར་སྐྱོན་བརྗོད་བྱས་འདུག

ཨ་རིས་རྒྱ་ནག་གི་ཚོང་ཟོག་༡༣༠༠ ལྷག་ལ་སྒོ་ཁྲལ་རྒྱག་རྒྱུའི་འཆར་གཞི་དང་ཐོ་གཞུང་གསལ་བསྒྲགས་བྱས་འདུག་པ་དང་། རྒྱ་ནག་གིས་གནད་དོན་དེའི་ཐད་འཛམ་གླིང་ཚོང་འབྲེལ་ལྷན་ཚོགས་ལ་ཞུ་གཏུག་བྱ་རྒྱུ་དང་རྒོལ་ལན་སློག་རྒྱུའི་ཉེན་བརྡ་བཏང་འདུག

ཟླ་༤ པའི་ཚེས་༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་ནག་གིས་ཨ་རི་ནས་ནང་འདྲེན་བྱེད་བཞིན་པའི་ཚོང་ཟོག་གི་འབོར་ཨ་སྒོར་ཐེར་འབུམ་༣ ཙམ་ལ་སྒོ་ཁྲལ་བརྒྱབ་ཡོད་པའི་གསལ་བསྒྲགས་བྱས་པའི་ཉིན་གཅིག་རྗེས་ཏེ། ཟླ་༤ པའི་ཚེས་༤ ཉིན་ཨ་རིས་རྒྱ་ནག་གི་ཚོང་ཟོག་༡༣༠༠ ཙམ་ལ་སྒོ་ཁྲོལ་སྣོན་མ་བརྒྱ་ཆ་༢༥ རྒྱག་རྒྱུའི་འཆར་གཞི་གསལ་བསྒྲགས་བྱས་འདུག

ཨ་རི་གཞུང་གིས་སྒོ་ཁྲལ་གསར་པའི་འཆར་གཞི་དེ་ནི་རྒྱ་ནག་གིས་ཨ་རིའི་ཚོང་ལས་ཁང་ཁག་གི་ཐོན་རྫས་ཀྱི་བདག་དབང་རྐུ་འཕྲོག་བྱས་པའི་རྒོལ་ལན་ཡིན་སྐོར་བསྒྲགས་འདུག་པས། ཨ་རིའི་ནང་གི་རྒྱ་ནག་གཞུང་ཚབ་ཀྱིས་ཨ་རིའི་སྒོ་ཁྲལ་འཆར་གཞི་དེར་ངོ་རྒོལ་མཐའ་གཅིག་ཏུ་ཡོད་པ་དང་། རང་སྲུང་དང་ཕྱོགས་གཅིག་གི་ཐག་གཅོད་དེ་ནི་འཛམ་གླིང་ཚོང་འབྲེལ་ལྷན་ཚོགས་ཀྱི་རིན་ཐང་ལྟ་བ་ལས་མཐའ་གཅིག་ཏུ་འགལ་གྱི་ཡོད་པས། ལྷན་ཚོགས་དེའི་རྩོད་རྙོག་འདུམ་འགྲིག་མ་ལག་ལ་ཞུ་གཏུག་བྱ་རྒྱུ་དང་། དུས་གཅིག་ཏུ་རྒྱ་ནག་གི་ཁྲིམས་དང་མཐུན་པར་བྱས་ནས། ཨ་རིའི་ཚོང་ཟོག་ལ་སྒོ་ཁྲལ་གྱི་ཚད་གཞི་གཅིག་མཚུངས་རྒྱག་རྒྱུ་ཡིན་སྐོར་བསྒྲགས་འདུག

ཨ་རིས་ཐོག་མར་རྒྱ་ནག་གི་བར་སྣང་དང་འབྲེལ་ལམ་སོགས་འཕྲུལ་ཆས་རིགས་པ་སྒོ་ཁྲལ་རྒྱག་རྒྱུའི་འཆར་གཞི་བཏོན་ཡོད་ཀྱང་། ཐེངས་འདིའི་སྒོ་ཁྲལ་རྒྱག་རྒྱུའི་ཚོང་ཟོག་གི་ཐོ་གཞུང་ནང་སྨན་གྱི་ཚོང་ཟོག་རིགས་ཚུད་ཡོད་པ་དང་། རྒྱ་ནག་སོགས་ནས་ནང་འདྲེན་བྱེད་བཞིན་པའི་ལྕགས་དང་ཧ་ཡང་ལ་དེ་སྔོན་ནས་སྒོ་ཁྲལ་རྒྱག་འགོ་བཙུགས་ཟིན་ཡོད་འདུག་པས། གལ་ཏེ་ཐེངས་འདིའི་འཆར་གཞི་དེ་ལག་ལེན་བསྟར་བྱས་ཚེ། རྒྱ་ནག་ནས་ནང་འདྲེན་བྱེད་བཞིན་པའི་ཚོང་ཟོག་གི་འབོར་ཨ་སྒོར་ཐེར་འབུམ་༥༠ ལྷག་ལ་སྒོ་ཁྲལ་རྒྱག་གི་ཡོད་ཀྱང་། འཆར་གཞི་དེ་དངོས་སུ་ལག་ལེན་ག་དུས་བསྟར་མིན་ངེས་མེད་ཡིན་འདུག

ཨ་རིའི་ཚོང་འབྲེལ་ལྷན་ཚོགས་ཀྱིས་སྲིད་འཛིན་ཊོམ་གྱིས་རྒྱ་ནག་དང་ཚོང་འབྲེལ་ཁྲོད། ཨ་རི་ལ་གྱོང་གུད་ཆེན་པོ་ཐེབས་བཞིན་ཡོད་པ་དེ་གུན་གསབ་བྱེད་པར་འགྲིག་གི་ཡོད་ཀྱང་། བྱེད་སྟངས་ཐད་ནས་ནོར་གྱི་ཡོད་སྐོར་བརྗོད་འདུག་པ་དང་། ཨ་རིའི་ཞིང་པའི་སྡེ་ཚན་ཁག་ཅིག་གིས། རྒྱ་ནག་གི་ཨ་རིའི་ཞིང་ལས་ཐོན་རྫས་ཉོ་མཁན་ཆེ་ཤོས་གྲས་ཤིག་ཡིན་པས། ཕྱོགས་གཉིས་བར་གྱི་ཚོང་དམག་གིས་ཞིང་ལས་ཐོན་རྫས་རྣམས་ལ་སྒོ་ཁྲལ་ཆེན་པོ་རྒྱག་དགོས་པ་ཆགས་རྒྱུའི་ཉེན་ཁ་ཡོད་པས། ཨ་རིའི་གཞུང་ལ་འཆར་གཞི་ལྟར་སྒོ་ཁྲལ་དེ་ལག་ལེན་མི་བསྟར་བའི་རེ་སྐུལ་ཞུས་ཡོད་འདུག

དཔྱད་བརྗོད་པ་ཁག་ཅིག་གིས། རྒྱ་ནག་གི་དཔལ་འབྱོར་དེ་ཕྱི་འདྲེན་ལ་བརྟེན་དགོས་འི་གནས་སྟངས་ཆུང་དུ་ཕྱིན་ཡོད་པ་དང་། ཕྱི་ལོ་༢༠༡༦ ལོར་རྒྱ་ནག་གི་ཚོང་ཟོག་བརྒྱ་ཆ་༡༨.༢ མ་གཏོགས་ཨ་རིར་ཕྱི་འདྲེན་བྱས་མེད་པས། ཨ་རིའི་སྒོ་ཁྲལ་དེས་གནོད་ཆེན་པོ་སྐྱེལ་ཐུབ་ཀྱི་མེད་སྐོར་བརྗོད་འདུག

ཨ་རིས་ཟླ་བ་༧ ལྷག་རིང་ཨ་རྒྱ་གཉིས་བར་གྱི་ཚོང་འབྲེལ་ཁྲོད། རྒྱ་ནག་གིས་ཨ་རིའི་ཚོང་ལས་ཁང་གི་རིག་རྩལ་བདག་དབང་རྐུ་འཕྲོག་དང་། ཕྱོགས་གཉིས་བར་ཅ་དངོས་ནང་འདྲེན་དང་ཕྱི་འདྲེན་གྱི་འབོར་ཆ་སྙོམས་མེད་པ་སོགས་ཀྱི་ཐོག་ལ་ཉམས་ཞིབ་བྱས་རྗེས། རྒྱ་ནག་གི་ཚོང་ཟོག་ལ་སྒོ་ཁྲལ་རྒྱག་རྒྱུའི་ཐག་གཅོད་བྱས་ཡོད་པ་དང་། ཨ་རི་དང་རྒྱ་ནག་བར་གྱི་ཚོང་འབྲེལ་ཁྲོད། ཨ་རིས་རྒྱ་ནག་ལ་ཚོང་ཟོག་ཕྱི་འདྲེན་ཨ་སྒོར་ཐེར་འབུམ་༣༧༥ ལྷག་གིས་ཉུང་བ་བྱེད་ཀྱི་ཡོད་འདུག

ཕྱོགས་གཉིས་བར་གྱི་ཚོང་དམག་ཁྲོད། རྒྱལ་ཁབ་སོ་སོའི་ནང་ནང་འདྲེན་བྱས་པའི་ཚོང་ཟོག་གི་རིན་གོང་འཕར་རྒྱུ་ཡིན་པ་དང་། རྒྱལ་སྤྱིའི་ཁྲོམ་རར་ཡང་ཤུགས་རྐྱེན་ཐེབས་སྲིད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༤༢༠ ཀློག་གྲངས།