འདི་ལོའི་༧པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་ཉིན་འཛམ་གླིང་གི་ཟིན་ཐོ་གསར་པ་འཇོག་འཆར་འདུག

འདི་ལོའི་ཟླ་༤ པའི་ཚེས་༢༥ ཉིན་ནི་༧པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༢༩ ལ་ཕེབས་ཀྱི་ཡོད་པ་དང་། རྒྱུན་དུ་ནས་ཁོང་གི་འཁྲུངས་སྐར་ཉིན་དང་འཛིན་བཟུང་བྱས་པའི་ཉིན་ལ་བཙན་བྱོལ་ནང་ལ་ལས་འགུལ་མང་པོ་ཞིག་སྤེལ་བཞིན་ཡོད་པ་རེད། འདི་ལོར་ཁོང་གི་འཁྲུངས་སྐར་ཉིན་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བཀྲ་ཤིས་ལྷུན་པོ་དགོན་པ་གཉིས་ནས། འཁྲུངས་སྐར་གྱི་འཁུར་ར་ཤིན་ཏུ་ཆེན་པོ་ཞིག་གི་ཐོག བཞུ་མར་འབུམ་གཅིག་ལས་མང་བ་སྤར་ནས་འཛམ་གླིང་ནང་ཟིན་ཐོ་གསར་པ་འཇོག་རྒྱུའི་ལས་འགུལ་གྱི་རྣམ་པ་གསར་པ་ཞིག་སྤེལ་འཆར་ཡོད་འདུག་པས། འདི་གའི་གསར་འགོད་པས་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་ཚེ་ལྷ་ལགས་སུ་ལས་འགུལ་འདི་དང་འབྲེལ་བའི་བཅར་འདྲི་བྱས་པ་ཡིན།

 

དྲི་བ། འདི་ལོའི་༧པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་ཉིན་གྱི་ལས་འགུལ་སྐོར་ངོ་སྤྲོད་གནང་རོགས།

ལན། ད་བར་ལོ་ངོ་༢༣ རིང་༧པཎ་ཆེན་རིན་པོ་ཆེ་གློད་གྲོལ་དགོས་པའི་ལས་འགུལ་སྤེལ་བཞིན་ཡོད་པ་ལྟར། འདི་ལོའི་ཁོང་དགུང་ལོ་༢༩ ལ་ཕེབས་པའི་འཁྲུངས་སྐར་ཉིན་གྱི་ལས་འགུལ་རྣམ་པ་མི་འདྲ་བ་དེ་ནི་ཁོང་གློད་གྲོལ་དགོས་པའི་ལས་འགུལ་གྱི་ཆ་ཤས་ཤིག་རེད་དེ། ཐེངས་འདིའི་ལས་འགུལ་དེ་གཞི་རྒྱ་ཆེ་བ་ཡོད། དེ་ཡང་ཉིན་དེར་འཁྲུངས་སྐར་གྱི་འཁུར་ར་ཧྥི་ཀྲེ་༡༤༧ བྱས་པའི་ཐོག་བཞུ་མར་འབུམ་གཅིག་དང་ཁྲི་གསུམ་སྤར་ནས། འཛམ་གླིང་ནང་འཁྲུངས་སྐར་གྱི་འཁུར་རའི་ཐོག་བཞུ་མར་སྤར་བ་མང་ཤོས་ཀྱི་ཟིན་ཐོ་གསར་པ་ཐོ་འགོད་བྱེད་རྒྱུ་ཡིན་པ་དང་། དེ་ཡང་སྐད་གྲགས་ཆེ་བའི་འཛམ་གླིང་གྷི་ནི་སེ་ཟིན་ཐོ་(World Guinness Record) ཞེས་པའི་ཐོག་ཐོ་འགོད་བྱེད་རྒྱུ་ཡིན་པ་རེད། དེ་ཡང་བཞུ་མར་༡༣༠,༠༠༠ སྤར་དགོས་པའི་རྒྱུ་མཚན་ནི་བཙན་བྱོལ་བོད་མིའི་མངོན་འདོད་དེ་༧པཎ་ཆེན་རིན་པོ་ཆེ་མཆོག་ལ་རང་དབང་དང་དྲང་བདེན་ཡོང་དགོས་པ་མཚོན་ཆེད་དང་། དམིགས་ཡུལ་ནི་ཁོང་གི་གནད་དོན་དེ་རྒྱལ་སྤྱིའི་ནང་ཁྱབ་སྤེལ་དང་རྒྱབ་སྐྱོར་ཡོང་ནས། ང་ཚོའི་འཐབ་རྩོད་ནང་ཚོར་བ་གསར་པ་ཡོང་བ། ཁོང་ཆུང་དུས་ནས་འཛིན་བཟུང་བྱས་པར་རྒྱ་ནག་ལ་འགན་ལེན་ཡོད་པའི་གནོན་ཤུགས་སླེབས་ཆེད་ཡིན། དེ་བཞིན་ལོ་རྗེས་མར་ཁོང་དགུང་ལོ་༣༠ སླེབས་ཀྱི་ཡོད་པས། སྐབས་དེར་བོད་མི་ཚོས་ལས་འགུལ་འདི་ལས་ཆེ་བ་སྤེལ་བའི་སེམས་འགུལ་ཐེབས་པར་རེ་བ་ཡང་བྱེད་ཀྱི་ཡོད།

དྲི་བ། ལས་འགུལ་གྱི་རྣམ་པ་མི་འདྲ་བ་འདི་འདྲ་ཞིག་སྤེལ་རྒྱུའི་བསམ་བློ་ཇི་འདྲ་སླེབས་སོང་ངམ།

ལན། འཐབ་རྩོད་པ་ཞིག་ཡིན་པའི་ཆ་ནས། ལོ་ལྟར་ལས་འགུལ་རྣམ་པ་གཅིག་རང་སྤེལ་ནས་མི་འདུག་པར། གཞན་གྱི་དོ་སྣང་དང་རྒྱབ་སྐྱོར་ཡོང་ཆེད་ལས་འགུལ་གྱི་རྣམ་པ་མི་འདྲ་བ་ཞིག་སྤེལ་རྒྱུ་གལ་ཆེན་ཡིན་པ་ལྟར། ལོ་གཅིག་སྔོན་ནས་ང་ཚོས་གཞོན་སྐྱེས་ཚོ་གཙོ་བོར་འཛིན་པར་མི་མང་ནང་དོ་སྣང་དང་རྒྱབ་སྐྱོར་སླེབས་ཆེད་ལས་འགུལ་རྣམ་པ་མི་འདྲ་འདི་སྤེལ་རྒྱུའི་བསམ་བློ་སླེབས་སོང་།

དྲི་བ། ལས་འགུལ་འདི་གང་དུ་སྤེལ་རྒྱུ་ཡིན་པ་དང་གོ་སྒྲིག་པ་གཞན་སུ་ཡོད་དམ།

ལན། ལས་འགུལ་འདི་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་བཀྲ་ཤིས་ལྷུན་པོ་དགོན་པར་སྤེལ་རྒྱུ་ཡིན་པ་དང་། བཀྲ་ཤིས་ལྷུན་པོ་དགོན་པ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཀྱིས་མཉམ་དུ་སྤེལ་གྱི་ཡོད།

དྲི་བ། ལས་འགུལ་འདིའི་ནང་འཁུར་ར་ཆེན་པོ་ཞིག་དང་བཞུ་མར་འབུམ་གཅིག་དང་ཁྲི་གསུམ་གོ་སྒྲིག་བྱེད་དགོས་ཀྱི་ཡོད་པས། འགྲོ་སོང་ཆ་ནས་ཁྱེད་རང་ཚོས་གང་འདྲ་གནང་གི་ཡོད།

ལན། ལས་འགུལ་འདི་སྤེལ་བར་འགྲོ་སོང་ཆེན་པོ་ཞེ་དྲག་འགྲོ་རྒྱུ་ཡིན་པས། ང་ཚོའི་ངོས་ནས་དྲ་ཐོག་ཞལ་འདེབས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་དང་། དེ་བཞིན་བཙན་བྱོལ་ནང་གི་རིན་པོ་ཆེ་ཁག་ཅིག་དང་ཚོང་པ་སོགས་ལ་ཞལ་འདེབས་སློང་བཞིན་ཡོད་ལ། གཞན་མི་མང་གི་ཐོག་ནས་ཀྱང་ཞལ་འདེབས་གནང་ཐུབ་ན་ཕན་ཆེན་པོ་ཐོགས་པ་འདུག །

དྲི་བ། ཁྱེད་རང་གིས་འཛམ་གླིང་གྷི་ནེ་སི་ཟིན་ཐོ་ཞེས་པའི་ངོ་སྤྲོད་ཅིག་གནང་རོགས།

ལན། འཛམ་གླིང་གྷི་ནེ་སི་ཟིན་ཐོ་ཞེས་པ་དེ་དབྱིན་ཡུལ་དུ་རྟེན་གཞི་བྱས་ཡོད་ཀྱང་། དེའི་ཡན་ལག་འཛམ་གླིང་གང་སར་ཡོད་པ་རེད། དེ་ཡང་འཛམ་གླིང་ནང་བྱ་སྤྱོད་གང་གི་ཐོག་ནས་ཟིན་ཐོ་འགོད་མཁན་ཞིག་ཡིན་པ་དང་། ཐེངས་འདིར་༧པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་ཉིན་གྱི་ལས་འགུལ་དེ་འཛམ་གླིང་ནང་གི་ཟིན་ཐོའི་ནང་ཐོ་འགོད་བྱས་ཏེ། གནད་དོན་དེ་ཁྱབ་སྤེལ་ཡང་ཆེན་པོ་འགྲོ་ཐུབ་ཀྱི་རེད་ལ། དེ་ལ་དཔག་པའི་དོ་སྣང་དང་རྒྱབ་སྐྱོར། རྒྱ་ནག་གཞུང་ལ་ཡང་གནོན་ཤུགས་སླེབས་ཐུབ་ཀྱི་རེད།

དྲི་བ། གལ་ཏེ་ལས་འགུལ་དེར་རྒྱ་ནག་གཞུང་གི་གནོན་ཤུགས་སླེབས་ན་གང་འདྲ་བྱེད་རྩིས་ཡོད།

ལན། ང་ཚོའི་དམིགས་ཡུལ་གཙོ་བོ་དེ་ཡང་༧པཎ་ཆེན་རིན་པོ་ཆེའི་གནད་དོན་ཁྱབ་སྤེལ་དང་རྒྱ་ནག་གཞུང་ལ་གནོན་ཤུགས་སླེབས་ཆེད་རེད། གལ་ཏེ་རྒྱ་ནག་གཞུང་གི་གནོན་ཤུགས་སླེབས་ཡང་། ང་ཚོའི་ངོས་ནས་འཛམ་གླིང་གྷི་ནེ་སི་ཟིན་ཐོར་ལས་འགུལ་གྱི་ངོ་སྤྲོད་སོགས་དེབ་སྐྱེལ་བྱས་ཟིན་པ་དང་། ཉིན་དེར་ཁོ་ཚོའི་ལས་བྱེད་བཀྲ་ཤིས་ལྷུན་པོར་དཔང་མི་བྱེད་པར་ཡོང་རྒྱུ་གཏན་འབེབས་ཆགས་ཟིན་པས། ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན། དེ་བཞིན་རྒྱ་ནག་གཞུང་གི་གནོན་ཤུགས་སླེབས་ཚེ། ལས་འགུལ་དེའི་སྐོར་ཁྱབ་སྤེལ་ཡང་ཆེ་རུ་འགྲོ་རྒྱུར་རམ་འདེགས་ཡོང་གི་རེད།

དྲི་བ། འཁུར་ར་ཆེན་པོ་དེ་འདྲ་ཞིག་གོ་སྒྲིག་བྱས་ན། ལས་འགུལ་སྤེལ་ཟིན་རྗེས་དེ་འཕྲོ་བརླག་མི་འགྲོ་བའི་ཐབས་ཤེས་གང་ཡོད་དམ།

ལན། ང་ཚོས་ལས་འགུལ་དེ་མ་སྤེལ་སྔོན་ནས་སྔོན་འགྲོའི་ཆ་རྐྱེན་དུ་ཟས་རིགས་འཕྲོ་བརླག་གཏོང་མི་ཆོག་པ་དང་། འཁུར་རའི་ཐོག་གི་བཞུ་མར་རྣམས་ཀྱི་མེ་གསོད་ཆེད་ཀྱང་འཁུར་ར་འཕྲོ་བརླག་མི་འགྲོ་བ་ཞིག་བེད་སྤྱོད་བྱེད་རྒྱུ་ཡིན། དེ་ལྟར་འཁུར་ར་དེ་མི་མང་རྣམས་ལ་བཀྲམས་ནས་འཕྲོ་བརླག་མི་འགྲོ་བ་བྱེད་ཀྱི་ཡིན།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this: