གར་སོང་ཆ་མེད་སོང་བའི་ཁྱོ་གའི་ཆེད་དུ་སྐྱེས་དམན་གྱི་གོམ་བགྲོད།

རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་མང་པོ་ཞིག་འཛིན་བཟུང་བྱས་པའི་ཁྲོད། ད་དུང་ཡང་གར་སོང་ཆ་མེད་ཡིན་པའི་ཁྲིམས་རྩོད་པ་ཞིག་གི་སྐྱེས་དམན་གྱིས། ཁོང་གི་གནས་སྟངས་ཤེས་རྟོགས་ཡོང་ཆེད་གོམ་བགྲོད་ལས་འགུལ་སྤེལ་བཞིན་ཡོད་འདུག

ཟླ་༤ པའི་ཚེས་༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་བྷི་བྷི་སཱི་ཐོག་ཏུ་གནས་ཚུལ་བཀོད་གསལ། ཕྱི་ལོ་༢༠༡༥ ལོའི་ཟླ་༨ པའི་ནང་རྒྱ་ནག་གཞུང་གིས། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་དང་འཐབ་རྩོད་པ་༢༠༠ ལྷག་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་ཁྲོད། རྒྱ་ནག་ནང་གི་ཉེན་རྟོག་པའི་མནར་གཅོད་དང་འབྲེལ་བའི་ཞུ་གཏུག་དང་རྒྱ་ནག་ནང་བཀག་སྡོམ་བྱས་པའི་རྩ་རླུང་སྒོམ་སྒྲུབ་ཀྱི་ཚོགས་མི་སོགས་ཀྱི་ཆེད་དུ། ཁྲིམས་ཐོག་ནས་སྲུང་སྐྱོབ་བྱེད་མཁན་ཝང་ཁོན་ཀྲང་ཡང་འཛིན་བཟུང་བྱས་ཡོད་པ་དང་། ཁོང་འཛིན་བཟུང་བྱས་ནས་ཉིན་གྲངས་༡༠༠༠ འགྲོ་ཡི་ཡོད་ཀྱང་། ཁོང་གར་ཡོད་ཆ་མེད་ཡིན་པ་དང་གཞུང་གིས་གསལ་བཤད་གང་ཡང་བྱེད་ཀྱི་མེད་པས། ཁོང་གི་སྐྱེས་དམན་ལཱི་ཝེན་ཛུ་ཡིས་རྒྱ་ནག་གི་གྲོང་ཁྱེར་ཊེན་ཇཱེན་ནས་རྒྱལ་ས་པེ་ཅིང་བར་དུ་ཉིན་༡༢ རིང་གོམ་བགྲོད་བྱེད་འགོ་བཙུགས་ནས།  ལས་འགུལ་དེ་ལ་བརྟེན་ནས་རྒྱ་ནག་གཞུང་གིས་ཝང་གི་སྐོར་ལ་གསལ་བཤད་བྱེད་པར་རེ་བ་བྱེད་ཀྱི་ཡོད་འདུག

མོས་བརྒྱུད་ལམ་ཁག་ཏུ་རྒྱ་ནག་གཞུང་གིས་མོའི་ཁྱོ་ག་དང་ཁོང་གི་ཁྲིམས་རྩོད་པ་ཐུག་བཅུག་མེད་པས། དེ་ནི་ཁྲིམས་མཐུན་མིན་པ་དང་། ཝང་ལ་མནར་གཅོད་བཏང་ཡོད་པར་དོགས་པ་བྱེད་ཀྱི་ཡོད་ཁར། གསོན་པོ་ཡིན་མིན་ཡང་ཤེས་ཀྱི་མེད། དེ་བཞིན་མི་ཉེས་མེད་ཅིག་འཛིན་བཟུང་བྱས་ཏེ་ཉིན་གྲངས་༡༠༠༠ ལྷག་བཀག་ཉར་བྱས་པ་དེ་གདུག་རྩུབ་ཆེན་པོའི་བྱ་སྤྱོད་ཅིག་ཡིན་ཁར། གཞི་རྩའི་ཐོབ་ཐང་ཚང་མར་རྡོག་རོལ་བཏང་བ་ཡིན་སྐོར་བརྗོད་འདུག

ཁྲིམས་རྩོད་པ་ཝང་གིས་ཕྱི་ལོ་༢༠༡༥ ལོའི་ཟླ་༦ པའི་ཚེས་༡༨ ཉིན། ཁོང་ཁྲིམས་ཁང་ཞིག་ཏུ་རྩ་རླུང་སྒོམ་སྒྲུབ་ཉམས་ལེན་བྱེད་མཁན་ཞིག་གི་ཁྲིམས་རྩོད་པ་བྱས་ནས་འགྲོ་སྐབས། ཁྲིམས་ཁང་གི་ཁྲིམས་དཔོན་གྱིས། ཁྲིམས་རའི་བདེ་སྲུང་མི་སྣར་ཁོང་མར་ཁྲིད་ནས་གཅར་རྡུང་བྱེད་དགོས་པའི་བཀང་བཏང་ཡོད་པ་དང་། ཁྲིམས་ཁང་གི་ས་འོག་ཁང་པའི་ནང་ཁོང་ལ་གཅར་རྡུང་བྱས་ཡོད་སྐོར་བརྒྱུད་ལམ་ཁག་ཞིག་གི་བཅར་འདྲིའི་ཐོག་ཏུ་བརྗོད་ཡོད་པ་རེད་འདུག

དེ་སྔོན་འཛིན་བཟུང་བྱས་པའི་ཁྲིམས་རྩོད་པ་དང་འཐབ་རྩོད་པ་མང་པོ་ཞིག་ལ་བཙོན་འཇུག་དང་བཟང་བཙོན་སོགས་ཀྱི་ཁྲིམས་ཐག་བཅད་ཡོད་ཀྱང་། གར་སོང་ཆ་མེད་ཀྱི་གནས་སྟངས་འོག་ཡོད་མཁན་ཡང་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༩༩ ཀློག་གྲངས།