དྷ་ས་ནས་ཨ་རིའི་གྲོས་ཚོགས་འཐུས་མི་གཉིས་ལ་ཕེབས་བསུ།

ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་གཉིས་བོད་དོན་ལ་རྒྱབ་སྐྱོར་ཡོད་པ་དང་། ༧གོང་ས་མཆོག་ལ་བརྩི་བཀུར་ཞུ་ཡི་ཡོད་ཅེས་ཆེད་དུ་མངགས་ནས་ད་ལན་དྷ་རམ་ས་ལར་ཕེབས་པ་རེད་ཅེས་སྲིད་སྐྱོང་གིས་བརྗོད་སོང་།

ཟླ་འདིའི་ཕྱི་ཚེས་༤ ཉིན་གྱི་ཕྱི་དྲོར་དྷ་ས་གངས་སྐྱིད་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཚོགས་ཁང་གསར་པའི་ནང་། ཨ་རིའི་གྲོས་ཚོགས་འོག་མའི་སྐུ་ཚབ་གཉིས་ལ་ཕེབས་བསུའི་མཛད་སྒོ་ཞིག་འཚོགས་སོང་ཞིང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད། གཞུང་ཞབས་ལས་བྱེད་རྣམ་པ། སློབ་མ། ཚོགས་སྐྱིད་ཁག་གི་སྐུ་ཚབ། སེར་སྐྱ་མང་ཚོགས་བཅས་འཛོམས་འདུག

དེ་ཡང་མཛད་སྒོའི་ཐོག་མར་སྲིད་སྐྱོང་བློ་བཟང་སེང་གེས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཨེ་ལེ་ནཱ་རོ་སི་ལའེ་ཊི་ནེན་(ILena Ros-Lehtinen) དང་། ཁི་ལོ་ཌི་ཡ་ཊེན་ནི་(Claudia Tenney) གཉིས་ལ་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་གི་ཚབ་བྱས་ནས་འཚམས་འདྲི་ཞུས་པ་དང་སྦྲགས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་མཛད་གཙོ་རྣམ་པ་དང་། དེ་དག་གི་ལས་ཀའི་ངོ་བོ་སོགས་ངོ་སྤྲོད་དང་། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་ཆབ་སྲིད་ཚོགས་པ་ཐུན་མོང་ཐོག་ད་བར་བོད་དང་བོད་མི་དང་། བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་ཇུས་བཅས་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་དང་གནང་བཞིན་པར་བོད་གཞིས་བྱེས་གཉིས་ཀྱི་ཚབ་ཞུས་ཏེ་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་དང་། བོད་ནང་གི་ཛ་དྲག་རང་བཞིན་ཅན་གྱི་གནས་སྟངས་ཀྱི་སྐོར་དཔེ་མཚོན་ཁུངས་ལུང་དང་བཅས་བགྲང་བ་སོགས་ཀྱི་སྒོ་ནས་ཕེབས་བསུའི་གསུང་བཤད་གནང་སོང་།

དེ་ནས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་ཨེ་ལེ་ནཱས། ཨ་རིའི་གྲོས་ཚོགས་ནས་བོད་ཀྱི་གནད་དོན་ལ་རྒྱུས་མངའ་ཡོད་ཁར། ཨ་རིའི་གྲོས་ཚོགས་ནང་བོད་དང་བོད་མིའི་ཆེད་བཟང་ཕྱོགས་ཀྱི་སྲིད་བྱུས་གཏན་འབེབས་ཡོང་ཐབས་བྱེད་བཞིན་ཡོད་སྐོར་དང་། མོ་རང་ལོ་ན་༨ ལ་སོན་སྐབས་ནས་ཁིའུ་བྷ་(Cuba) ནས་དམར་ཤོག་སྲིད་གཞུང་གི་དྲག་གནོན་འོག་དཀའ་ངལ་མང་པོ་འཕྲད་ནས་ནང་མི་དང་ལྷན་དུ་བྲོས་བྱོལ་དུ་འགྲོ་དགོས་ཁེལ་ཡོད་སྟབས། ཉམས་མྱོང་དེའི་ཐོག་ནས་རྒྱ་ནག་གཞུང་ལྟ་བུའི་རང་དབང་བརྡལ་བཤིག་གཏོང་མཁན་ལ་གདོང་ལེན་བྱེད་རྒྱུ་དེ་མོ་རང་ཉིད་ཀྱི་འདོད་འདུན་ཆེ་ཤོས་དེ་ཡིན་སྐོར།  མོ་རང་བགྲེས་ཡོལ་བྱ་ལ་ཉེ་མིན་ལ་མ་ལྟོས་པར་ད་བར་ལོ་ངོ་༢༩ ཡི་རིང་ལ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མིའི་ལས་འགན་ཐོག་ནས་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་བྱས་ཡོད་པ་བཞིན་མ་འོངས་པར་མུ་མཐུད་ཤུགས་སྣོན་བྱ་རྒྱུ་ཡིན་སྐོར། བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འགྲུལ་བཞུད་རང་དབང་ཐོག་དམ་དྲག་དང་ཚོད་འཛིན་བྱེད་བཞིན་ཡོད་པ་མ་ཟད། བོད་ནང་གི་བོད་མི་ཚོར་རོགས་རམ་བྱེད་འདོད་ཡོད་མཁན་ཨ་རིའི་མི་སེར་ཚོ་ལའང་རྒྱ་ནག་གཞུང་གིས་བོད་ནང་བསྐྱོད་རྒྱུར་དམ་དྲག་བྱེད་བཞིན་ཡོད་སྐོར། གཞན་ཡང་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་དང་། ཆོས། རིག་གཞུང་ཐོག་དམ་དྲག་བྱེད་བཞིན་ཡོད་ཁར་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་སྤྱི་དང་། ཁྱད་པར་དུ་༧གོང་ས་མཆོག་གི་མ་འོངས་ཡང་སྤྲུལ་གྱི་ཐད་ཐེ་ཇུས་བྱེད་བཞིན་པ་ནི་རྒྱུ་མཚན་མེད་པ་ཞིག་ཡིན་སྐོར། ༧གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱིས་གསེར་གྱི་རྟགས་མ་ཕུལ་བ་དེས་ཨ་རིའི་གཞུང་དང་མང་ཚོགས་ནས་བོད་དང་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་ཇི་ཙམ་ཡོད་པ་གསལ་འདོན་གནང་ཡོད་སྐོར། བོད་མི་ཆབ་སྲིད་བཙོན་པ་གང་མགྱོགས་གློད་གྲོལ་ཡོང་ཐབས་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གང་མགྱོགས་བསྐོ་གཞག་ཡོང་ཐབས་སུ་བརྩོན་རྒྱུ་ཡིན་སྐོར་སོགས་གསུངས་སོང་།

དེ་རྗེས་ཨ་རིའི་གྲོས་ཚོགས་འཐུས་མི་ལྕམ་ཁི་ལོ་ཌི་ཡ་ཊེན་ནེན་གྱིས། བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་བསྔགས་བརྗོད་དང་། མི་རབས་གཞོན་པ་ཚོས་ཀྱང་སྙིང་སྟོབས་ཞུམ་པ་མེད་པའི་ཐོག་ནས་འཐབ་རྩོད་རྒྱུན་སྐྱོང་འོག་གཞི་རྩའི་འགྲོ་བ་མིའི་ཆེ་མཐོང་དང་འདྲ་མཉམ། རང་དབང་སོགས་ཐོབ་ཐབས་ལ་བརྩོན་དགོས་སྐོར། མོ་རང་ཉིད་ནས་ཨ་རིའི་གྲོས་ཚོགས་ནང་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་སོགས་གསུངས་གནང་སོང་།

མཇུག་ཏུ་སྲིད་སྐྱོང་བློ་བཟང་སེང་གེས་གསར་འགོད་པར་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་གཉིས་ད་ཐེངས་འཚམས་གཟིགས་སུ་ཕེབས་པའི་སྐོར་ལ་གསུང་དོན་དུ་“ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་གཉིས་ཕེབས་དགོས་དོན་ནི། ཨེ་ལེ་ནཱ་རོ་སི་ལྟ་བུར་མཚོན་ན་བོད་དོན་ཐོག་རྒྱབ་སྐྱོར་གནང་ནས་རྒྱུན་རིང་པོ་ཞེ་དྲག་འགྲོ་ཡི་ཡོད་རེད། སྔོན་མ་༧གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱིས་གསེར་གྱི་རྟགས་མ་ཕུལ་བ་གཙོས་པའི་གྲོས་ཆོད་གལ་ཆེན་པོའི་ཐོག་འགན་འཁུར་མཁན་གཙོ་བོ་ཡིན་པ་མ་ཟད། ཨ་རིའི་གྲོས་ཚོགས་ཀྱི་ཕྱི་སྲིད་ཚོགས་ཆུང་གི་ཚོགས་གཙོ་གནང་མྱོང་མཁན་དེ་འདྲ་ཞིག་ཡིན་དུས། དེ་རིང་འདིར་བོད་དོན་ལ་རྒྱབ་སྐྱོར་ཡོད། ༧གོང་ས་མཆོག་ལ་བརྩི་བསྐུར་ཞུ་ཡི་ཡོད་ཅེས་ཆེད་དུ་མངགས་ནས་ད་ལན་དྷ་རམ་ས་ལར་ཕེབས་པ་རེད། འདིར་ང་ཚོ་དགའ་སྤོབས་ཆེན་པོ་ཧ་ཅང་བྱུང་སོང་། དེ་ག་ནང་བཞིན་མོ་རང་གིས་བཀའ་སློབ་ནང་གསུང་བ་ནང་བཞིན་བོད་དོན་གལ་ཆེན་པོ་ཡིན་པ་དང་། མོ་རང་ཉིད་ཡིན་ན་སྔོན་མར་ཆུང་དུས་སྐབས་སུ་ཁིའུ་བྷ་ནས་ཕེབས་ཡོང་དུས་དམར་ཤོག་གི་ལྟ་བ་དང་། དམར་ཤོག་གི་གཞུང་འཛིན་མཁན་གྱི་འོག་ལ་འགྲོ་བ་མིའི་ཐོབ་ཐང་སོགས་ཕྱོགས་གང་ཅིའི་ཐད་ནས་ཐོབ་ཐང་དང་རང་དབང་མེད་པའི་གནས་སྟངས་གཞིར་བཞག་པའི་ཐོག་ནས་མོ་རང་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཆགས་ཀྱི་གསུང་པ་ནང་བཞིན། འདིར་ཕེབས་པར་སྐུ་ལས་ཆེན་པོ་ཡོད་མིན་ལ་མ་ལྟོས་པར། སྐུ་ལས་ལ་མ་འཛེམ་པར་ཕེབས་པ་དེ་ལ་ཧ་ལས་པའི་དགའ་སྤོབས་བྱུང་སོང་”ཞེས་གསུངས་སོང་།

གྲོས་ཚོགས་ཀྱི་འཐུས་མི་གཉིས་ཟླ་འདིའི་ཕྱི་ཚེས་༤ ནས་༦ བར་ཉིན་གསུམ་རིང་དུ་༧གོང་ས་མཆོག་གི་སྐུ་མདུན་དུ་བཅར་རྒྱུ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཕེབས་རྒྱུ། དེ་བཞིན་དྷ་སྟེང་བོད་ཁྱིམ་དུ་ཕེབས་རྒྱུས་མཚོན་པའི་ལས་རིམ་ཁག་ཅིག་གྲུབ་མཚམས་ཕྱི་ཚེས་༦ ཉིན་དྷ་ས་ནས་ཐོན་རྒྱུ་རེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this: