ཐུགས་རྗེ་ཆེ་ཞུ་ས་ནོར་མེད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༩༣  ཕྱི་ལོ་ ༢༠༡༨/༤ /༤

ཕྱི་ཟླ་༣ ཚེས་༣༡ ཉིན་དྷ་ས་ཐེག་ཆེན་གཙུག་ལག་ཁང་གི་མདུན་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་རྒྱ་གར་གཞུང་དང་མི་མང་ལ་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོ་ཞིག་འཚོགས་སོང་། སྐབས་དེར་རྒྱ་གར་དབུས་གཞུང་གི་རིག་གཞུང་བློན་ཆེན་དང་། རྒྱ་གར་རྒྱལ་ཡོངས་གཞུང་འཛིན་བྷི་ཇེ་པི་(ΒϑΠ)ཚོགས་པའི་སྤྱི་ཁྱབ་དྲུང་ཆེ། དེ་བཞིན་རྒྱ་གར་དབུས་གྲོས་ཚོགས་གོང་འོག་གི་འཐུས་མི་དང་། ཧི་མ་ཅལ་མངའ་སྡེའི་ཟས་རིགས་བློན་ཆེན་སོགས་རྒྱ་གར་གྱི་གནད་ཡོད་ཆབ་སྲིད་མི་སྣ་མང་པོ་ཞིག་ཀྱང་མཛད་སྒོ་དེར་གདན་ཞུས་ལྟར་ཆེད་ཕེབས་གནང་འདུག དེ་ནི་༧གོང་ས་མཆོག་རྒྱ་གར་དུ་ཞབས་སོར་འཁོད་ནས་ལོ་ངོ་དྲུག་ཅུ་འཁོར་བའི་དུས་ཚིགས་ཤིག་ཏུ་གྱུར་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གཞུང་དང་མི་མང་ལ་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོ་དེ་ཐོག་མ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཚོག་འཆར་ཡོད་ཀྱང་། དེ་ལ་ལབ་གླེང་ཅུང་ཙམ་བྱུང་ཡོད་པ་དང་མཛད་སྒོ་འཚོག་སའི་ས་གནས་ཀྱང་བཞུགས་སྒར་དུ་གོ་སྒྲིག་ཞུས་ཡོད་པ་རེད།

འདས་པའི་མི་ལོ་དྲུག་ཅུ་ཙམ་རིང་རྒྱ་གར་གཞུང་མང་གཉིས་ཀྱིས་བཙན་བྱོལ་བོད་མི་རྣམས་ལ་རོགས་རམ་བླ་ན་མེད་པ་གནང་ཡོད་ལ། རོགས་རམ་དེ་ཡང་ཁ་ཞེ་གཉིས་མེད་དང་། དོན་དམ་པའི་རོགས་རམ་འབའ་ཞིག་ལས། རྒྱལ་སྤྱིའི་སྟེང་དུ་རྣམ་པ་དང་ངོམ་སོ་ལྟ་བུ་གཏན་ནས་མིན། སྤྱིར་འཛམ་བུ་གླིང་འདིར་རྒྱ་གར་ཙམ་མིན་པར་། ཨ་རི་དང་། ཡུ་རོབ་ཀྱིས་གཙོས་བཙན་བྱོལ་བོད་མི་དང་བོད་དོན་ལ་རོགས་སྐྱོར་བྱེད་མཁན་མང་པོ་ཡོད་ཀྱང་། རྒྱ་གར་ནི་རྒྱལ་ཁབ་གཞན་སུ་གང་དང་ཡང་བསྡུར་ཐབས་གཏན་ནས་མེད་པའི་བཀའ་དྲིན་ཆེས་ཆེ་ཤོས་སུ་གྱུར་ཡོད། གནད་དོན་འདི་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཀྱི་སྣེ་མོ་བ་རྣམས་དང་། བཙན་བྱོལ་བོད་མི་མང་ཆེ་བས་གནས་ཚུལ་འདི་གསལ་པོ་རྟོགས་ཡོད་པ་མ་ཟད། མ་འོངས་པར་བུ་ཚ་ཕྱི་རབས་པས་ཀྱང་ངེས་པར་བརྗེད་མི་རུང་བའི་གནད་དོན་ཉག་གཅིག་ཏུ་གྱུར་ཡོད། འོན་ཀྱང་རྒྱ་གར་གཞུང་གིས་བོད་པ་ལ་རོགས་རམ་དང་གཟིགས་སྐྱོང་བླ་མེད་གནང་བ་དེ། བཙན་བྱོལ་བོད་མི་ཚོས་རྒྱ་གར་གཞུང་དང་མི་མང་ལ་དྲིན་ལན་གསོ་ཐུབ་པའི་ཆེད་དུ་དམིགས་པ་ཞིག་གཏན་ནས་མིན།

དེ་ལྟར་ཁ་ཚོན་བཅད་ནས་བཤད་དགོས་དོན་དེ་ཡང་ཚོད་དཔག་དང་ངོ་བསྟོད་ཙམ་མིན་པར། འདས་པའི་མི་ལོ་དྲུག་ཅུ་ལ་ཉེ་བའི་རིང་འདིར་རྒྱ་གར་ནི་བོད་མི་གནས་སྡོད་བྱེད་ཡུལ་གཙོ་བོ་དེ་ཡིན་པ་དང་། བོད་པའི་གཞིས་ཆགས་ཁག་ཤར་ལྷོ་ནུབ་བྱང་གང་སར་ཁ་འཐོར་ནས་གནས་ཡོད་ཀྱང་། བོད་པའི་ཆོས་དང་རིག་གནས་རྒྱུན་འཛིན་གྱི་ཐོག་ལ་ཁོར་ཡུག་གི་གནས་སྟངས་དང་བསྡུར་ནས་བལྟས་ན་གྲུབ་འབྲས་རྒྱ་ཆེན་པོ་ཐོབ་ཡོད་པ་དེ་ཡང་རྒྱ་གར་གཞུང་གི་གཟིགས་སྐྱོང་དང་བདག་རྐྱེན་ལ་བརྟེན་ནས་བྱུང་ཡོད་པ་དང་། ལོ་རེ་རེ་བཞིན་བོད་པའི་སློབ་གྲྭ་ཁག་མང་པོ་ཞིག་གི་འགྲོ་སོང་གཅིག་པུའི་ཐོག་ནས་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ཡིན་ཞིང་། དེ་བཞིན་འཛིན་སྐྱོང་སོགས་ཀྱི་ལས་དོན་ཐོག་ལའང་དམིགས་བསལ་གྱིས་རོགས་རམ་གནང་གི་ཡོད། གནས་སྟངས་འདི་དང་འདི་ལྟ་བུ་ཧ་ཅང་མང་ཡང་རེ་རེ་བཞིན་འདིར་བརྗོད་དགོས་དོན་མེད་པར། རྒྱ་གར་གཞུང་གིས་བཙན་བྱོལ་བོད་མི་ལ་རོགས་རམ་གནང་བ་ལྷག་བསམ་རྣམ་དག་དང་། ཁ་ཞེ་གཉིས་མེད། ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེར་བཟུང་བའི་རོགས་རམ་ཞིག་ཏུ་ངོས་འཛིན་བྱེད་ཆོག

སྤྱིར་བོད་པ་ནི་ད་ལྟའི་ཆར་རྒྱལ་ཁབ་གཞན་གྱི་བཙན་གནོན་འོག་ཏུ་ཡོད་པའི་མི་རིགས་ཤིག་ཡིན་པ་དང་། ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པ་རྣམས་ཀྱང་མིའི་ལུང་པར་སྐྱབས་བཅོལ་དུ་གནས་པ་ཞིག་ཡིན་སྟབས། གཟིགས་སྐྱོང་དང་རོགས་རམ་གནང་མཁན་མང་པོ་ཡོད་པས་ཐུགས་རྗེ་ཆེ་ཞུ་དགོས་སའི་རྒྱལ་ཁབ་དང་ཚོགས་པ་ཧ་ཅང་མང་པོ་ཡོད་ཀྱང་། དེའི་ནང་ནས་གཞན་སུ་གཅིག་དང་བསྡུར་ཐབས་མེད་པ་ནི་རྒྱ་གར་གཞུང་དང་མི་མང་ཡིན་པར་ཐེ་ཚོམ་གང་ཡང་མེད་ཀྱང་། བཀའ་དྲིན་ཧ་ཅང་ཆེ་ནའང་རྒྱུན་རིང་པོར་བརྩེ་བས་གཟིགས་ཡོང་བའི་སྐབས་སུ་རྒྱུན་ལྡན་ལྟ་བུ་ཆགས་ནས་བཀའ་དྲིན་ལ་བཀའ་དྲིན་དུ་ངོ་མི་ཤེས་པའི་གནས་ཚུལ་ཡང་ཡོད་སྲིད་པས། རྒྱ་གར་གཞུང་དང་མི་མང་ལ་ཐུགས་རྗེ་ཆེ་ཞུ་བའི་ཞོར་དུ་བོད་མི་རྣམས་ལའང་དྲན་གསོ་ཞིག་གཏོང་དགོས་པ་དེ་ཧ་ཅང་གལ་ཆེན་པོར་གྱུར་ཡོད། བོད་པའི་ངོས་ནས་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོ་ཞིག་ལ་ཐུགས་རྗེ་ཞུ་དགོས་པའི་ནང་ནས་རྒྱ་གར་གཞུང་དང་མི་མང་ལ་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུས་པ་དེ་གཏན་ནས་ནོར་མེད།

རྒྱ་གར་བ་དང་བོད་པ་མི་སྒེར་རེ་ཟུང་དབར་ལ་རྩོད་རྙོག་ཆུང་ཙག་ཙམ་རེ་བྱུང་མྱོང་ཡོད་ལ། དེ་ལ་བརྟེན་ནས་ཉེ་འཁོར་གྱི་ས་གནས་རེ་ཟུང་ལ་རྩོད་རྙོག་བྱུང་བའི་གནས་ཚུལ་ཆུང་ཆུང་རེ་ཟུང་བྱུང་མྱོང་ཡོད། འོན་ཀྱང་བོད་པ་དང་བོད་པའི་བར་ལའང་གནས་ཚུལ་དེ་ལྟ་བུ་མང་པོ་བྱུང་ཡོད་པ་དང་། རྒྱ་གར་བ་དང་རྒྱ་གར་བའི་བར་དེ་ལས་ཀྱང་ཚབས་ཆེ་བའི་གནད་དོན་མང་པོ་འབྱུང་བཞིན་ཡོད་པས། དེ་དག་ནི་རྒྱུན་ལྡན་ལྟ་བུ་ལས་དམིགས་བསལ་གང་ཡང་མིན། རྒྱ་གར་རྒྱལ་ཁབ་ཆེན་པོ་དེ་ཉིད་སྟོབས་ཆེན་རྒྱལ་ཁབ་དང་ཡར་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན་ནའང་། ད་ལྟའི་ཆར་རྒྱ་གར་གྱི་ས་གནས་ཁག་ཏུ་མི་མང་གི་འཚོ་བའི་གནས་སྟངས་ཡག་པོ་མིན་པའང་མང་ཙམ་ཡོད། གཞུང་གིས་དེ་དག་གི་དཀའ་ངལ་ཆ་ཚང་སེལ་ཐུབ་ཀྱི་མེད་ནའང་། བཙན་བྱོལ་བོད་མི་ལ་དམིགས་བསལ་གྱིས་རོགས་རམ་རྒྱ་ཆེན་པོ་གནང་བཞིན་པ་ནི་ལོ་རྒྱུས་ཀྱི་བཟང་འབྲེལ་ཐོག་ནས་བྱུང་བའི་ས་བོན་ཞིག་དང་། འདས་པའི་མི་ལོ་དྲུག་ཅུ་ལ་ཉེ་བའི་རྒྱ་གར་གྱི་དཔོན་རིགས་རྣམས་དང་མི་མང་གི་བོད་པ་ལ་བསམ་ཤེས་གནང་བ་ལ་བརྟེན་ནས་བྱུང་ཡོད།།

Share this:
༡༠༤ ཀློག་གྲངས།