རྒྱ་ནག་ལ་སྐྲག་ནས་བོད་དང་འབྲེལ་བའི་གཏམ་བརྗོད་བཀག་འགོག་བྱས་ཡོད་འདུག

དབྱིན་ཡུལ་གྱི་གཏམ་བརྗོད་ཁང་ཞིག་ལ་ཡུལ་དེའི་རིག་གཞུང་དང་ཤེས་ཡོན་བརྗེ་ལེན་ཁང་ཞིག་གིས། བོད་དང་འབྲེལ་བའི་གཏམ་བརྗོད་དེ་འཁྲབ་སྟོན་བྱས་ཚེ། རྒྱ་ནག་གིས་རྒོལ་ལན་བསློགས་ནས་གོ་སྐབས་མང་པོ་ཤོར་རྒྱུ་ཡིན་པའི་ལམ་སྟོན་བྱས་རྗེས། གཏམ་བརྗོད་དེ་འཁྲབ་སྟོན་བྱ་རྒྱུར་བཀག་འགོག་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་༤ པའི་ཚེས་༤ ཉིན་དབྱིན་ཡུལ་གྱི་རྒྱལ་སྤྱིའི་བརྒྱུད་ལམ་གྷར་ཌེན་ཐོག་ཏུ་གནས་ཚུལ་སྤེལ་གསལ། ཉེ་སྔོན་ཟླ་༢ པའི་ནང་རྒྱ་གར་གྱི་གཏམ་བརྗོད་རྩོམ་པ་པོ་རྒྱ་གར་བ་ཨཱ་བྷི་ཤེག་མཱ་ཇུམ་ཌར་གྱིས། ཉེ་སྔོན་ཁོང་དང་མཉམ་དུ་ལས་ཀ་བྱེད་མྱོང་བའི་རྒྱ་གར་ནང་གི་བོད་མི་ཁག་གི་མི་ཚེའི་ལོ་རྒྱུས་ལ་གཞིར་བཞགས་པའི་དེང་རབས་ཀྱི་བོད་ནང་གི་འཚོ་བའི་སྐོར་ལ་གཏམ་བརྗོད་ཞིག་བརྩམས་ནས། དབྱིན་ཡུལ་དུ་འཁྲབ་སྟོན་བྱེད་ཆེད་གྲ་སྒྲིག་ཆ་ཚང་ཟིན་ཡོད་ཀྱང་། གཏམ་བརྗོད་འཁྲབ་སྟོན་ཁང་(Royal Court theatre) དེ་རྒྱ་ནག་ལ་སྐྲག་ནས་གཏམ་བརྗོད་དེ་འཁྲབ་སྟོན་ལས་རིམ་ནས་ཕྱིར་འཐེན་བྱས་པའི་གནས་ཚུལ་ཐོན་སྐབས། འཁྲབ་སྟོན་ཁང་དེས་དཔལ་འབྱོར་གྱི་དཀའ་ངལ་ལ་བརྟེན་ནས་གཏམ་བརྗོད་དེ་ཕྱིར་འགྱངས་བྱས་ཡོད་པ་དང་། ཕྱི་ལོ་༢༠༡༩ ལོར་འཁྲབ་སྟོན་བྱེད་རྒྱུ་ཡིན་སྐོར་བསྒྲགས་པའི་ཡོད་པ་རེད།

འོན་ཀྱང་ཉེ་ཆར་གནས་ཚུལ་མཁོ་སྤྲོད་ཀྱི་ཐོབ་ཐང་བེད་སྤྱད་ནས་ཐོབ་པའི་ཡིག་ཆའི་ནང་། གཏམ་བརྗོད་ཁང་དེས་དབྱིན་ཡུལ་གྱི་རིག་གཞུང་དང་ཤེས་ཡོན་བརྗེ་ལེན་བསྟི་གནས་ཁང་(British Council) ལ། བོད་དང་འབྲེལ་བའི་འཁྲབ་གཞུང་དེའི་འདྲ་བཤུས་བསྐུར་ནས། གལ་ཏེ་དེ་འཁྲབ་སྟོན་བྱས་ཚེ། སྐབས་དེར་འཁྲབ་སྟོན་ཁང་དེ་དང་རྒྱ་ནག་མཉམ་ལས་བྱེད་བཞིན་པའི་སྒྱུ་རྩལ་ལས་འཆར་ལ་ཕོག་ཐུག་འགྲོ་སྲིད་མིན་སྐོར་དྲིས་པར། བསྟི་གནས་ཁང་དེས་འཁྲབ་གཞུང་དེས་སྐབས་དེར་རྒྱ་ནག་དང་མཉམ་ལས་ཐོག་འགྲོ་བཞིན་པའི་སྒྱུ་རྩལ་ལས་འཆར་མ་ཟད། མ་འོངས་པར་གཏམ་བརྗོད་ཁང་དེ་ཉིད་རྒྱ་ནག་ནང་ལས་ཀ་གཏན་ནས་བྱེད་རྒྱུ་མེད་པ་ཆགས་པའི་ཉེན་ཁ་ཡོད་སྐོར་ལན་འདེབས་བྱས་ཡོད་པའི་ཡིག་འབྲེལ་གྱི་གནས་ཚུལ་ཐོན་འདུག་པས། གཏམ་བརྗོད་ཁང་དེས་རྒྱ་ནག་ལ་ཕོག་ཐུག་བྱེད་པར་སྐྲག་ནས་བོད་དང་འབྲེལ་བའི་གཏམ་བརྗོད་དེ་བཀག་འགོག་བྱས་པ་གསལ་པོ་ཆགས་ཡོད་འདུག

ཡིག་འབྲེལ་དེས་དབྱིན་ཡུལ་ནང་གི་སྒྱུ་རྩལ་བ་དང་སྒྱུ་རྩལ་བསྟི་གནས་ཁང་རྣམས། རྒྱ་ནག་ནང་ལས་ཀ་བྱེད་ཆེད་སྒྱུ་རྩལ་གྱི་རང་དབང་ལ་ཚད་བཀག་ཡོད་པའི་རྣམ་པ་ཐོན་ཡོད་འདུག

དབྱིན་ཡུལ་གྱི་རིག་གཞུང་དང་ཤེས་ཡོན་བསྟི་གནས་ཁང་ལ་དེ་སྔོན་ནས་སྒྱུ་རྩལ་དང་སྒྱུ་རྩལ་བར་བཀག་འགོག་དང་དོ་དམ་སྟངས་འཛིན་བྱས་པའི་སྐྱོན་བརྗོད་ཐེངས་མང་བྱུང་ཡོད་འདུག དེ་ཡང་ཕྱི་ལོ་༢༠༡༢ ལོར་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཀྲོན་དུ་འཚོགས་པའི་དེབ་ཀྱི་དུས་སྟོན་སྐབས། རྒྱ་ནག་གི་ཁྲོམ་རར་དམིགས་པའི་རྐྱེན་གྱིས། རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་རྒྱ་རིགས་མཉམ་ཞུགས་བྱེད་པར་བཀག་འགོག་བྱས་ཡོད་པ་དང་། དེ་བཞིན་ཕྱི་ལོ་༢༠༡༠ ལོར་བོད་མི་རྣམས་ཀྱི་ཆེད་དུ་བཟོས་པའི་སྦེ་ལེ་(Ballet) འཁྲབ་སྟོན་ཞིག་ཕྱིར་འཐེན་བྱས་ཡོད་འདུག

བོད་དང་འབྲེལ་བའི་འཁྲབ་གཞུང་དེར་རྩོམ་པ་པོས་ལོ་གསུམ་རིང་དཀའ་ལས་བརྒྱབ་ཡོད་འདུག་པ་དང་། ཁོང་གིས་དེ་སྔོན་༧གོང་ས་མཆོག་གིས་ཁོང་ལ་གཏམ་བརྗོད་དེར་འགོག་རྐྱེན་སླེབས་སྲིད་པས་གྲ་སྒྲིག་བྱེད་དགོས་སྐོར་གསུངས་ཡོད་སྐོར་དང་། དེ་ག་རེ་བྱས་ནས་གསུངས་ཡོད་པའི་དོན་དག་རྗེས་སུ་གཏམ་བརྗོད་འཁྲབ་སྟོན་བཀག་འགོག་བྱས་སྐབས་ཤེས་རྟོགས་བྱུང་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༩༠ ཀློག་གྲངས།