རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་སཱལ་མན་ཁན་བཙོན་འཇུག་བྱས་ཡོད་འདུག

ཁྲིམས་ལུགས་ཀྱི་ཐོག་ནས་སྲུང་སྐྱོབ་ཡོད་པའི་དུད་འགྲོའི་རིགས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་ཤ་བ་ནག་པོ་གཉིས་བསད་པའི་ཉེས་མིང་འོག་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སཱལ་མན་ཁན་བཙོན་འཇུག་བྱས་ཡོད་འདུག
རྒྱ་གར་དང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། བྷོ་ལིའི་ཝུ་ཌིའི་(Bollywood) གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ད་ལྟ་རང་ལོ་༥༢ ལ་སོན་པའི་སཱལ་མན་ཁན་(Salman Khan) ལ། རྒྱ་གར་གྱི་ཁྲིམས་ཁང་ཞིག་གིས་ལོ་ལྔའི་ཁྲིམས་གཅོད་བྱས་ནས་ཟླ་འདིའི་ཕྱི་ཚེས་༥ ཉིན་བཙོན་ཁང་དུ་བཅུག་ཡོད་འདུག་ཅིང་། དེའི་རྒྱུ་མཚན་ནི། ཕྱི་ལོ་༡༩༩༨ ལོར་རྒྱ་གར་ནུབ་བྱང་གི་ཕྱོགས་སུ་ཡོད་པའི་རཱ་ཇ་སི་ཐན་མངའ་སྡེའི་ནང་། ཁོང་གིས་གློག་བརྙན་ཞིག་བཟོ་སྐྲུན་བྱེད་སྐབས་སུ་ཁྲིམས་ལུགས་ཀྱི་ཐོག་ནས་སྲུང་སྐྱོབ་ཡོད་པའི་དུད་འགྲོའི་རིགས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་ཤ་བ་ནག་པོ་གཉིས་ཁྲིམས་འགལ་ཐོག་བསད་ཡོད་པས་ཡིན་འདུག

སཱལ་མན་ཁན་དང་འཁྲབ་སྟོན་པ་རོགས་པ་བཞི་རླངས་འཁོར་ནང་བསྐྱོད་བཞིན་པའི་སྐབས་སུ་ཤ་བ་ནག་པོ་གཉིས་ལ་མེ་མདའ་བརྒྱབས་ནས་བསད་ཡོད་སྟབས། སྐབས་དེར་མཉམ་དུ་ཡོད་པའི་འཁྲབ་སྟོན་གཞན་བཞི་ལ་དེ་སྔོན་ངན་སྐུལ་བྱས་པའི་ཉེས་འཛུགས་བྱས་ཡོད་འདུག་ཀྱང་།  ད་ཐེངས་ཉེས་པ་ལས་གྲོལ་ཡོད་སྐོར་གྱི་གནས་ཚུལ་འདུག

ཁྲིམས་ཁང་དེའི་ཐག་གཅོད་ལ་སཱལ་མན་ཁན་ནས་ཞུ་གཏུག་གི་སྙན་ཞུ་མཐོ་རིམ་ཁྲིམས་ཁང་ལ་འབུལ་ཆོག་གི་ཡོད་འདུག་པ་དང་། གལ་ཏེ་མཐོ་རིམ་ཁྲིམས་ཁང་གིས་སྙན་ཞུ་དེར་ངོས་ལེན་བྱས་ཚེ་བཙོན་གྲོལ་ཁག་ཐེག་གི་ཐོག་ནས་གློད་གྲོལ་གཏོང་བའམ། གནས་སྐབས་རིང་ཁྲིམས་གཅོད་དེ་མཚམས་འཇོག་བྱ་སྲིད་པ་རེད་འདུག

ཁོང་གི་ཁྲིམས་རྩོད་པ་ཨཱ་ནེན་ཌེ་སའེས། སཱལ་མན་ཁན་གྱིས་མཐོ་རིམ་ཁྲིམས་ཁང་ཞིག་ལ་གྱོད་དོན་ཉན་ཞིབ་བྱ་རྒྱུའི་སྙན་ཞུ་ཕུལ་བ་བཞིན། ཟླ་འདིའི་ཕྱི་ཚེས་༦ ཉིན་གྱོད་དོན་ཉན་ཞིབ་བྱ་རྒྱུ་རེད་ཅེས་བརྗོད་ཡོད་འདུག

སཱལ་མན་ཁན་ནི་ཆེས་སྙན་གྲགས་ཆེ་བའི་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་རྩེ་ཕུད་ཅིག་ཡིན་ཡང་། ཁྲིམས་དང་འབྲེལ་བའི་ཐོག་ནས་དཀའ་ངལ་ཡང་ཡང་འཕྲད་མཁན་ཞིག་ཡིན་པ་དང་། དེ་སྔོན་ཕྱི་ལོ་༢༠༡༥ ལོར་རླངས་འཁོར་གྱིས་མི་ལ་བརྡུངས་ནས་བྲོས་པའི་གནས་ཚུལ་ཡོད་པའི་ནག་ཉེས་ཕོག་སྟེ་ལོ་༥ ཡི་བཙོན་འཇུག་ཁྲིམས་གཅོད་བྱས་ཡོད་ཀྱང་། རྗེས་སུ་མཐོ་རིམ་ཁྲིམས་ཁང་ཞིག་གིས་དཔང་རྟགས་འདང་ངེས་མེད་པར་བརྗོད་ནས་ཁྲིམས་གཅོད་དེར་འགྱུར་བ་སོང་ཡོད་འདུག

ཧྥོར་བྷི་སིས་(Forbes) བཏོན་པའི་ཐོ་གཞུང་ནང་། སཱལ་མན་ཁན་ནི་ཕྱི་ལོ་༢༠༡༧ ལོར་འཛམ་གླིང་གི་སྙན་གྲགས་ཅན་གྱི་མི་སྣའི་ཁོངས་ནས་ཡོང་འབབ་ཆེ་ཤོས་ཨང་༧༡ པ་དང་། འཁྲབ་སྟོན་པའི་ཁོངས་ནས་ཡོོང་འབབ་ཆེ་ཤོས་༩ པ་དེ་ཆགས་ཀྱི་ཡོད་འདུག་པ་དང་། རྒྱ་གར་ནང་ཁོང་ལས་ཡོང་འབབ་ཆེ་བ་ཤཱ་རུཀ་ཁེན་(Shah Rukh Khan) ལས་གཞན་པའི་གློག་བརྙན་འཁྲབ་སྟོན་པ་སུ་ཡང་མེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

Share this:
༡༨༨ ཀློག་གྲངས།