ལྷོ་ཀོ་རི་ཡའི་སྲིད་འཛིན་ཟུར་པར་ལོ་༢༤ ཡི་བཙོན་འཇུག་ཁྲིམས་ཆད།

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༦ ཉིན་ལྷོ་ཀོ་རི་ཡའི་སྲིད་འཛིན་ཟུར་པ་ལྕམ་པག་གྷེའུ་ཧི་(Park Geun-hye) ལ་ལྐོག་བརྔན་བླངས་པ་དང་། དབང་ཆ་ལོག་སྤྱོད་བྱས་པ། དེ་བཞིན་བཙན་བསྐུལ་བྱས་པ་བཅས་ཀྱི་ཉེས་འཛུགས་འོག་མི་ལོ་༢༤ ཡི་བཙོན་འཇུག་ཁྲིམས་གཅོད་བྱས་ཡོད་འདུག

ན་ནིང་ལོའི་ཕྱི་ཟླ་༣ པ་ནས་ལྕམ་པག་གྷེའུ་ཧི་འཛིན་བཟུང་བྱས་ཏེ། ལྷོ་ཀོ་རི་ཡའི་རྒྱལ་ས་དང་ཉེ་བའི་བཀག་ཉར་ཁང་ཞིག་ཏུ་ད་བར་བཀག་བསྐྱིལ་བྱས་ཡོད་པ་དང་། མོས་དེ་རིང་ཟླ་འདིའི་ཕྱི་ཚེས་༦ ཉིན་ཁྲིམས་ཁང་གི་ལྷན་ཚོགས་ཐོག་མོ་རང་ནད་པ་ཡིན་སྟབས་མཉམ་ཞུགས་བྱེད་ཐུབ་ཀྱི་མེད་སྐོར་བརྗོད་ནས་མོས་མཐུན་བྱས་མེད་འདུག དེ་བཞིན་དེ་སྔོན་ཁྲིམས་བཤེར་དང་གྱོད་དོན་ཉན་ཞིབ་བྱེད་སྐབས་སུའང་ཁྲིམས་ཁང་གིས་ཕྱོགས་རིས་བྱེད་ཀྱི་ཡོད་པ་དང་། མོ་རང་གིས་ནོར་འཁྲུལ་བཟོས་མེད་སྐོར་བརྗོད་ཡོད་འདུག

དེ་སྔོན་ཕྱི་ལོ་༢༠༡༦ ལོའི་ཕྱི་ཟླ་༡༢ པའི་ཕྱི་ཚེས་༩ ཉིན་ལྷོ་ཀོ་རི་ཡའི་གྲོས་ཚོགས་ནང་སྐབས་དེར་སྲིད་འཛིན་ཡིན་པའི་ལྕམ་པག་ལ་ཉེས་འཛུགས་ཐད་རྒྱབ་སྐྱོར་གྱི་འོས་གྲངས་༢༣༤ དང་། དེ་ལ་དགག་པ་བྱེད་མཁན་འོས་གྲངས་༥༦ བྱུང་ཡོད་པ་དང་། དེ་རྗེས་ཁྲིམས་དཔོན་གྱི་ཐག་གཅོད་དང་བཅས་རིམ་བཞིན་མོ་རང་སྲིད་འཛིན་གྱི་ལས་ཀ་ནས་གནས་དབྱུང་བཏང་། ལྷོ་ཀོ་རི་ཡའི་མི་མང་གིས་ཀྱང་སྲང་ལམ་རྣམས་སུ་ངོ་རྒོལ་གྱིས་ལྕམ་པག་གྷེའུ་ཧི་ལས་ཀ་ནས་ཕྱིར་ཕུད་གཏོང་རྒྱུའི་དགོས་འདུན་བཏོན་ཡོད་པ་དང་། ལྷོ་ཀོ་རི་ཡ་མང་གཙོ་ཆགས་རྗེས་ཀྱི་ལོ་རྒྱུས་ནང་། ལས་འགན་འཁུར་བཞིན་པའི་སྲིད་འཛིན་ཞིག་གནས་དབྱུང་བཏང་བ་ཐེངས་དང་པོ་དེ་ཆགས་ཡོད་འདུག

དེ་བཞིན་ལྕམ་པག་ལ་རྒྱལ་ཁབ་ཀྱི་གསང་བའི་ཡིག་ཆ་ཕྱིར་གྱར་གྱི་ཉེས་པ་ཡང་བཙུགས་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༡༨༧ ཀློག་གྲངས།