ཧོང་ཀོང་ནས་རྒྱ་ནག་གི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་དགོས་པའི་དགོས་འདུན། 

ཧོང་ཀོང་གི་ལས་འགུལ་བ་ཚོས་གོམ་བགྲོད་ལས་འགུལ་ཞིག་སྤེལ་ནས་རྒྱ་ནག་གི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་རྒྱུ་དང་། བཙོན་འཇུག་དང་དོགས་སྲུང་འོག་ཡོད་པ་རྣམས་ཁྲིམས་རྩོད་པ་དང་ཐུག་འཕྲད་བྱེད་དགོས་པ་བཅས་ཀྱི་དགོས་འདུན་བཏོན་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༧ ཉིན་ཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཧོང་ཀོང་ནང་གི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་། མང་གཙོ་དོན་གཉེར་བའི་ཚོགས་སྡེ་ཁག དེ་བཞིན་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཁག་ཅིག་བཅས་མཉམ་འབྲེལ་ཐོག ཧོང་ཀོང་ནང་ཡོད་པའི་རྒྱ་ནག་འབྲེལ་མཐུད་ལས་ཁང་བར་གོམ་བགྲོད་ལས་འགུལ་ཞིག་སྤེལ་ནས། པེ་ཅིང་གཞུང་ལ་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་དགོས་པའི་དགོས་འདུན་བཏོན་ཡོད་འདུག

གོམ་བགྲོད་ཐོག་ཁོང་ཚོས་གཙོ་བོ་ཕྱི་ལོ་༢༠༡༥ ལོའི་ཟླ་༨ པའི་ནང་རྒྱ་ནག་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཝང་ཁོན་ཀྲང་(Wang Quanzhang) འཛིན་བཟུང་ཐོག་ད་བར་གར་སོང་ཆ་མེད་སོང་ནས་ཉི་མ་༡༠༠༠ འགྲོ་ཡི་ཡོད་པ་དེ། ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་འཕྲལ་དུ་གློད་གྲོལ་གཏོང་རྒྱུའི་དགོས་འདུན་བཏོན་ཡོད་འདུག དེ་བཞིན་ཕྱི་ལོ་༢༠༡༤ ལོའི་ཧོང་ཀོང་གི་ཉི་གདུག་གསར་བརྗེའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མཁན་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཡུ་ཝེན་ཤང་(Yu Wensheng) འདི་ལོའི་ཕྱི་ཟླ་དང་པོ་ནས་བཟུང་དོགས་སྲུང་འོག་བཞག་སྟེ། ཁྲིམས་རྩོད་པ་དང་ཐུག་འཕྲད་བྱེད་འཇུག་གི་མེད་པ་བཅས་ལ་ངོ་རྒོལ་བྱས་ཡོད་འདུག

གོམ་བགྲོད་ངོ་རྒོལ་དང་འབྲེལ་ལས་འགུལ་བ་ཚོས་“ང་ཚོས་རྒྱ་ནག་གཞུང་ལ་ཁྲིམས་རྩོད་པ་ཝང་ཁོན་ཀྲང་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གློད་གྲོལ་གཏོང་རྒྱུར་ནན་སྐུལ་བྱེད་ཀྱི་ཡོད་པ་མ་ཟད། ཁོང་གི་བཟའ་ཟླ་ལཱི་ཝེན་ཛུ་དུས་ཡུན་རིང་པོར་ལྟ་སྲུང་འོག་བཞག་པར་ངོ་རྒོལ་བྱེད་ཀྱི་ཡོད། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཡུ་ཝེན་ཤང་ལ་ཁྲིམས་ལུགས་ཀྱི་ཐོབ་ཐང་ཐོབ་ཕྱིར་ཁྲིམས་རྩོད་པ་རྣམས་དང་ཐུག་འཇུག་རྒྱུའི་དགོས་འདུན་འདོན་གྱི་ཡོད་”ཅེས་བརྗོད་ཡོད་འདུག

གོམ་བགྲོད་ལས་འགུལ་སྤེལ་མཁན་གྱི་ཁོངས་ནས་མི་སྣ་གཙོ་བོ་ནི། སྤྱི་མང་མཐུན་ཚོགས་ཀྱི་ལས་འགུལ་བ་ཨཱ་ཝེ་རིས་ནེག་(Avery Ng)དང་། ལིང་ཀོའུ་ཧུང་།(Leung Kwok-hung) ཇེ་ཀོ་ཆོའུ།(Jaco Chow) དེ་བཞིན་མང་གཙོ་དོན་གཉེར་བའི་ཁོངས་ནས་ཇོའུ་ཞུ་ཝང་(Joshua Wong)དང་། ནའེ་ཐན་ལོའོ།(Nathan Law) གཞན་ཡང་གྲོས་ཚོགས་ཀྱི་འཐུས་མི་ཀའོ་ཀ་ཀི་(Kwok Ka-ki)དང་། ཨུ་ནོཀ་ཧིན་(Au Nok-hin)བཅས་ཡིན་འདུག

ཉེ་ཆར་ཟླ་༤ པའི་ཚེས་༤ ཉིན་རྒྱ་ནག་གཞུང་གིས་ཝང་ཁོན་ཀྲང་འཛིན་བཟུང་བྱས་ནས་ཉིན་གྲངས་༡༠༠༠ ཕྱིན་ཡོད་ཀྱང་། ཁོང་ས་གནས་གང་ཞིག་ཡོད་མེད་ཐད་རྒྱ་ནག་གཞུང་གིས་གསལ་བཤད་གང་ཡང་བྱེད་ཀྱི་མེད་སྟབས། ཁོང་གི་སྐྱེས་དམན་ལཱི་ཝེན་ཛུ་ཡིས་རྒྱ་ནག་གི་གྲོང་ཁྱེར་ཊེན་ཇཱེན་ནས་རྒྱལ་ས་པེ་ཅིང་བར་དུ་ཉིན་༡༢ རིང་གོམ་བགྲོད་བྱེད་འགོ་བཙུགས་ཡོད་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༨༢ ཀློག་གྲངས།