མོན་གྷོ་འདོད་རྒུ་གླིང་གིས་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་བསྡུར་གྱི་མཐའ་མའི་རྒྱལ་ཁ་བླངས།

ཟླ་༤ པའི་ཚེས་༡༠ ཉིན་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་འགྲན་སྡུར་ཐེངས་༢༤ པའི་མཐའ་མའི་རྩེད་འགྲན་དེ་མོན་གྷོ་འདོད་རྒུ་གླིང་དང་སྒང་ཏོག་རུ་ཁག་གཉིས་བར་བྱས་ནས། མོན་གྷོ་འདོད་རྒུ་གླིང་རུ་ཁག་གིས་སྤོ་ལོ་༢ བླུགས་ནས་མཐའ་མའི་རྒྱལ་ཁ་བླངས་ཡོད་པ་རེད།
དེ་ཡང་ཟླ་༣ པའི་ཚེས་༣༡ ཉིན་ནས་འགོ་འཛུགས་ཀྱིས་ཟླ་༤ པའི་ཚེས་༡༠ བར། རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་རྩེད་ཐང་དུ། རུ་ཁག་༡༩ ཡི་བར་ལ་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་འགྲན་སྡུར་ཐེངས་༢༤ པ་བྱས་ཡོད་པ་དང་། རྩེད་འགྲན་གྱི་ཉིན་མཐའ་མ་ཟླ་༤ པའི་ཚེས་༡༠ ཉིན་མོན་གྷོ་འདོད་རྒུ་གླིང་དང་སྒང་ཏོག་བར་འགྲན་སྡུར་བྱས་ཡོད་པ་དང་། དེ་གར་སྐུ་མགྲོན་གཙོ་བོ་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་དང་། བོད་དོན་རྒྱབ་སྐྱོར་བ་ལྕམ་ཨ་ཤཱ་(Asha Reddy) གཉིས་ཕེབས་ནས་གསུང་བཤད་གནང་ཡོད་པ་རེད།

མཐའ་མའི་རྩེད་འགྲན་སྐར་མ་༩༠ ཡི་ནང་མོན་གྷོའདོད་རྒུ་གླིང་གིས་སྤོ་ལོ་༢ བླུགས་ནས་མཐའ་མའི་རྒྱལ་ཁ་བླངས་སོང་།

ཐེངས་འདིའི་རྩེད་འགྲན་ཁྲོད་རྩེད་མོ་བ་ཡག་ཤོས་ཀྱི་བྱ་དགའ་སྒང་ཏོག་རུ་ཁག་གི་རྩེད་མོ་ཕུར་པ་དང་། རུ་ཁག་རྩེད་མོ་དྲང་ཤོས་རྩེ་མཁན་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་རུ་ཁག སྤོ་ལོ་མང་ཤོས་བླུགས་མཁན་དང་སྒོ་སྲུང་བ་ཡག་ཤོས་ཀྱི་བྱ་དགའ་དེ་གཉིས། མོན་གྷོ་འདོད་རྒུ་གླིང་གི་རྩེད་མོ་བ་བསྟན་འཛིན་སྨོན་ལམ་དང་བསྟན་འཛིན་བསམ་གྲུབ་གཉིས་ལ་ཐོབ་ཡོད་པ་རེད།

ཐེངས་འདིར་རྒྱ་གར་དང་བལ་ཡུལ། ཁེ་ན་ཌ་བཅས་ནས་ཁྱོན་བསྡོམས་རུ་ཁག་༡༩ མཉམ་ཞུགས་བྱས་ཡོད་པ་དང་། རྩེད་འགྲན་དེ་བཞིན་རེ་སྐོར་ལམ་ལུགས་དང་ཕམ་རིམ་བཞིན་ཕྱིར་འཐེན་(League cum knock out system) ཐོག་ནས་རྩེས་ཡོད་པ་དང་། རུ་ཁག་རེེར་ཉུང་མཐར་རྩེད་འགྲན་ཐེངས་༢ རེ་བྱ་རྒྱུའི་གོ་སྐབས་ཐོབ་ཡོད་ཁར། ཉིན་༡༡ ཀྱི་རིང་ཁྱོན་བསྡོམས་པའི་རྩེད་འགྲན་༢༩ བྱས་ཡོད་པ་རེད།

མཐའ་མའི་རྩེད་འགྲན་གྲུབ་རྗེས་བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་དང་སྦེང་ལོར་རྒྱ་གར་བུད་མེད་རུ་ཁག་ཅིག་བར་རྩེད་འགྲན་བྱས་ཏེ། ཕྱོགས་གཉིས་ཀས་སྤོ་ལོ་བླུགས་ཐུབ་མེད་པས། གཅིག་མཚུངས་ཆགས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this: