འབར་མའི་དམག་མི་༧ ལ་མི་བསད་པའི་ནག་ཉེས་འོག་ཁྲིམས་ཆད།

རྒྱལ་སྤྱིའི་ནང་འབར་མའི་དམག་མིས་རྒྱལ་ཁབ་དེའི་ཁ་ཆེ་གྲངས་ཉུང་མི་རིགས་དམར་གསོད་གཏོང་གི་ཡོད་པའི་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད་པ་དང་བསྟུན། དམག་མི་༧ ལ་ཁ་ཆེ་མི་རིགས་༡༠ བསད་པའི་ཉེས་འཛུགས་འོག་ལོ་༡༠ ཡི་ངལ་རྩོལ་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག

ཟླ་༤ པའི་ཚེས་༡༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཕྱི་ལོ་༢༠༡༧ ལོའི་ཟླ་༨ པ་ནས་འབར་མའི་རྒྱལ་ཁབ་ཀྱི་རཱ་ཀེ་ནི་མངའ་སྡེའི་ནང་དྲག་སྤྱོད་འགོ་བཙུགས་ནས་ད་བར། རོང་གྷེ་ཡ་ཁ་ཆེ་མི་རིགས་འབུམ་དྲུག་དང་ཁྲི་ལྔ་ལས་མང་བ་ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་ཌེ་ཤིར་བྲོས་བྱོལ་ཕྱིན་ཡོད་ཀྱང་། འབར་མའི་གཞུང་དང་དམག་གི་སྒྲིག་འཛུགས་ཀྱིས་ཁྲིམས་འགལ་ཐོག་ནས་མི་སེར་དཀྱུས་མ་བསད་པ་བྱུང་མེད་ཁར། ཁ་ཆེ་དྲག་སྤྱོད་པར་འཐབ་འཛིངས་བྱས་པ་ཡིན་སྐོར་བརྗོད་ནས། ཉེས་མེད་མི་མང་བསད་པར་ཁས་ལེན་བྱས་མེད་ནའང་། ཕྱི་ལོ་༢༠༡༨ ལོའི་ཟླ་༡ པོའི་ནང་དམག་མིའི་སྒྲིག་འཛུགས་ཀྱིས་དམག་མི་ཁག་ཅིག་ཁྲིམས་འགལ་ཐོག་ནས་ཁ་ཆེ་མི་རིགས་དམར་གསོད་བཏང་བའི་ལས་ལ་ཞུགས་ཡོད་པ་ཁས་ལེན་བྱས་ཡོད་པ་ལྟར། ཟླ་༤ པའི་ཚེས་༡༡ ཉིན་དམག་གི་སྒྲིག་འཛུགས་ཀྱིས། དམག་མི་༧ གྱིས་ཁ་ཆེ་མི་རིགས་༡༠ དམར་གསོད་བཏང་བའི་བྱ་སྤྱོད་ནང་མཉམ་ཞུགས་བྱས་ཡོད་པ་དང་། དེ་དག་ལ་ལོ་༡༠ ཡི་ངལ་རྩོལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་སྐོར་བསྒྲགས་ཡོད་པ་རེད།

དེ་ཡང་འབར་མ་གཞུང་གིས་ཕྱི་ལོ་༢༠༡༧ ལོའི་ཟླ་༨ པའི་ཚེས་༢༥ ཉིན་འབར་མའི་ནང་ཁ་ཆེ་མི་རིགས་མང་ཤོས་སྡོད་སའི་རག་ཀི་ནི་མངའ་ཁུལ་གྱི་ཉེན་རྟོག་ཁང་༣༠ ལ། ཁུལ་དེའི་ཁ་ཆེ་གྱེན་ལངས་རུ་ཁག་ཅིག་གིས་དྲག་རྒོལ་བྱས་རྗེས། རོ་ཧིན་གྷའི་མི་༤༠༠ ཡས་མས་ཤིག་བསད་ཡོད་པ་དང་། དེ་དག་ཕལ་ཆེ་བ་ནི་ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ཡིན་སྐོར་བསྒྲགས་ཡོད་པ་རེད་དེ། རྟོག་ཞིབ་ཚོགས་པ་ཁག་ཅིག་གིས་ཁ་ཆེ་མི་རིགས་༦༧༠༠ ལས་མང་བ་བསད་ཡོད་པའི་ཚོད་དཔག་ཁྱབ་བསྒྲགས་བྱས་ཡོད་པ་རེད།

བྲོས་བྱོལ་དུ་འགྲོ་མཁན་ཁ་ཆེ་རུང་གྷེ་ཡ་མི་རིགས་ཚོས། འབར་མའི་དམག་མིས་ཉེས་མེད་མི་མང་རྣམས་དམར་གསོད་དང་བཙན་གཡེམ། ཁང་པ་མེར་སྲེག་སོགས་བྱས་ཡོད་པའི་ཉེས་འཛུགས་བྱས་ཡོད་པ་དང་། བྲོས་བྱོལ་དུ་འགྲོ་ཡུལ་བྷང་ལ་ཌེ་ཤི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡང་ཡག་པོ་མེད་པས། སྐྱབས་བཅོལ་བར་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་རེད།

འབར་མའི་ནང་ཁ་ཆེ་གྲངས་ཉུང་མི་རིགས་དམར་གསོད་བཏང་བའི་གནད་དོན་དང་འབྲེལ་ནས། ཡུལ་དེའི་གྲགས་ཅན་འགོ་ཁྲིད་ལྕམ་ཨང་སན་སུ་ཅི་ཡིས་དམག་གི་སྒྲིག་འཛུགས་ལ་ཐེར་འདོན་གང་ཡང་བྱས་མེད་པར། རྒྱལ་སྤྱིའི་ནང་མོ་ལ་སྐྱོན་བརྗོད་དང་དེ་སྔོན་སྤྲད་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕྱིར་ལེན་བྱེད་དགོས་པའི་ཞུ་གཏུག་བྱེད་མཁན་ཡང་བྱུང་ཡོད་པ་རེད།

འབར་མའི་ནང་མི་རིགས་མང་ཆེ་བ་ནང་པ་ཡིན་པ་དང་། རུང་གྷེ་ཡ་ཁ་ཆེ་མི་རིགས་རྣམས་ནི་གྲངས་ཉུང་ཡིན་ཁར། རྒྱ་གར་ནས་སླེབས་པ་ཡིན་པར་ངོས་འཛིན་གྱིས་འབར་མའི་མི་སེར་ལ་བརྩི་ཡི་མེད་ཁར། རྒྱུན་དུ་ནས་མི་སེར་ཐོབ་ཐང་དང་ལག་ཁྱེར། དེ་བཞིན་དབྱེ་འབྱེད་སོགས་ཀྱི་སྡུག་སྦྱོང་ཁུར་དགོས་ཀྱི་ཡོད་པའི་གནས་ཚུལ་མང་པོ་བྱུང་གི་ཡོད་སྐོར་དང་། བྲོས་བྱོལ་དུ་འགྲོ་མཁན་རྣམས་ཀྱིས་འབར་མར་ཕྱིར་ལོག་བྱ་རྒྱུའི་འདུན་པ་མེད་སྐོར་བརྒྱུད་ལམ་ཁག་ཏུ་བརྗོད་ཡོད་པ་རེད།

ལོ་སྔོན་མའི་དྲག་སྤྱོད་ཀྱི་གནད་དོན་བྱུང་ནས་བཟུང་། ད་བར་འབར་མ་ནས་བྷང་ལ་ཌེ་ཤིར་བྲོས་བྱོལ་འགྲོ་མཁན་མི་མང་འབུམ་དྲུག་དང་ཁྲི་ལྔ་ལས་མང་བ་ཡོད་འདུག་པ་དང་། དེ་དག་སྐྱབས་བཅོལ་འགྲོ་ཡུལ་གྱི་རྒྱལ་ཁབ་དང་རྒྱལ་སྤྱིའི་ཐོག་ནས་རོགས་སྐྱོར་ཐོབ་བཞིན་ཡོད་ཀྱང་། འབར་མར་ཕྱིར་ལོག་འདོད་མེད་མཁན་མང་བའི་ཁར། བྷང་ལ་ཌེ་ཤིར་གཏན་སྡོད་བྱེད་པའི་ལམ་ཁ་ཡང་མེད་པས། འཚོ་བའི་དཀལ་ངལ་འདྲ་མིན་འཕྲད་བཞིན་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༣༤༤ ཀློག་གྲངས།