ཨལ་ཇེ་རི་ཡའི་དམག་གི་གནམ་གྲུ་ལྷུང་ནས་མི་༡༠༠ ལྷག་བསད་ཡོད་འདུག

ཨལ་ཇེ་རི་ཡའི་དམག་གི་གནམ་གྲུ་ཞིག་ལྷུང་སྟེ་མི་༡༠༠ ལྷག་བསད་ཡོད་འདུག་ཅིང་། གནས་ཚུལ་གསལ་པོ་ཆགས་རིམ་བཞིན་རྐྱེན་ལམ་དུ་སོང་བའི་གྲངས་ཀ་༢༠༠ བར་འཕར་སྲིད་པའི་ཚོད་དཔག་བྱེད་བཞིན་འདུག

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་འདིའི་ཕྱི་ཚེས་༡༡ ཉིན་བྱང་ཨ་ཧྥི་རི་ཀའི་ཁུལ་གྱི་རྒྱལ་ཁབ་ཨལ་ཇེ་རི་ཡའི་(Algeria)དམག་གི་གནམ་གྲུ་ཞིག་ཞིང་ཁའི་ནང་ལྷུང་སྟེ་མི་གྲངས་༡༠༠ ལས་བརྒལ་བ་བསད་ཡོད་འདུག་ཅིང་། ད་ལྟའི་ཆར་དོན་རྐྱེན་དེའི་འབྱུང་རྐྱེན་ངོ་མ་ཅི་ཞིག་ཡིན་མིན་གསལ་པོ་ཆགས་མེད་པ་དང་། ཛ་དྲག་ལས་དོན་རུ་ཁག་གིས་རྨས་སྐྱོན་ཤོར་བ་རྣམས་སྨན་ཁང་དུ་སྐྱེལ་བཞིན་ཡོད་འདུག

དམག་མིའི་གནམ་གྲུ་དེ་བྷོ་ཧྥ་རིཀ་གྲོང་བརྡལ་ནས་ཡར་འཕུར་ཏེ་ལེ་དབར་༢༠ ཡི་མཚམས་སུ་སླེབས་སྐབས་བརྡབ་སྐྱོན་ཤོར་ཡོད་འདུག་ཅིང་། འཕུལ་ཡུལ་ནི་ཡུལ་དེའི་ལྷོ་ཕྱོགས་སུ་ཡོད་པའི་ཊིན་དྷོ་ཧྥུ་(Tindouf i)ཞིང་ཆེན་ཞེས་པ་ཡིན་པ་དང་། དེ་ནི་ཡུལ་དེའི་ཁྱིམ་མཚེས་རྒྱལ་ཁབ་ནུབ་སྭ་ཧ་ར་ནས་འབྱོར་བའི་སྐྱབས་བཅོལ་བའི་གནས་ཡུལ་ཞིག་ཡིན་འདུག

མི་མང་བདེ་འཇགས་སྲུང་སྐྱོབ་ཚན་པའི་མགྲིན་ཚབ་པ་མཱོ་ཧ་མེཌ་ཨེན་ཁོར་གྱིས་“འདིར་མི་བརྒྱ་ལྷག་ཤི་འདུག ང་ཚོས་ད་ལྟ་གྲངས་ཀ་ཏག་ཏག་བཤད་ཐུབ་ཀྱི་མི་འདུག”ཅེས་བརྗོད་ཡོད་འདུག་པ་དང་། དེ་བཞིན་ཁོང་གིས་གནམ་གྲུ་(Il-76) ཞེས་པ་དེ་ནི་ཨུ་རུ་སུས་བཟོས་པ་ཞིག་ཡིན་པ་དང་། དེའི་ནང་དམག་མི་གང་ཡོད་སྐོར་བརྗོད་ཡོད་འདུག

ཡུལ་དེའི་བདེ་སྲུང་བློན་ཆེན་གྱིས་དོན་རྐྱེན་དེ་བརྒྱུད་ནས་མི་ཇི་ཙམ་ཞིག་རྐྱེན་ལམ་དུ་ཤོར་ཡོད་མེད་ཀྱི་གནས་ཚུལ་བརྗོད་མེད་འདུག་ཀྱང་། ཁོང་གིས་རྐྱེན་ལམ་དུ་སོང་བ་རྣམས་ཀྱི་ཤུལ་ལུས་ནང་མི་རྣམས་ལ་སེམས་གསོ་དང་གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་འགྱུར་བསྟན་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this: