བོད་ཨ་མདོ་འབོ་རྭའི་བུད་མེད་ཅིག་གར་སོང་ཆ་མེད།

བོད་ཨ་མདོ་བསང་ཆུ་རྫོང་འབོ་རྭ་ཞང་ནས་ཡིན་པའི་ལྷ་མོ་སྒྲོལ་མ་དང་སྤུན་མཆེད་ཁག་ཅིག་རྐང་ཐང་དུ་ལྷ་སར་མཇལ་སྐོར་དུ་འགྲོ་བའི་སྐབས། མགོ་ལོག་དར་ལག་རྫོང་གི་ས་ཁུལ་ཞིག་ནས་གློ་བུར་དུ་ཉེན་རྟོག་སྒྲིག་ཆས་གང་ཡང་གྱོན་མེད་པའི་བདེ་སྲུང་མི་སྣ་རེ་ཟུང་ཐོན་ཏེ་ཁོ་མོ་ལ་སྐད་ཆ་འདྲི་རྒྱུ་ཞིག་ཡོད་ཚུལ་བཤད་དེ་ཁྲིད་ཡོད་འདུག

ལྷ་མོ་སྒྲོལ་མ་སོགས་གནས་སྐོར་གྱི་ལམ།

ཟླ་འདིའི་ཚེས་༡༢ ཉིན་སྤྱི་འཐུས་ངག་དབང་ཐར་པས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། འདི་ལོའི་ཕྱི་ཟླ་༣ ཚེས་༢༨ ཉིན་ལྷ་མོ་སྒྲོལ་མ་དང་ཁོང་གི་སྤུན་མཆེད་ཁག་ཅིག་ལྷ་སར་གནས་སྐོར་ཆེད་ནང་ནས་ཐོན་ཡོད་པ་དང་། དེའི་བདུན་ཕྲེག་གཅིག་ཙམ་གྱི་རྗེས་སུ་དར་ལག་རྫོང་ཐོག་ནས་ཉེན་རྟོག་པའི་སྒྲིག་ཆས་གང་ཡང་གྱོན་མེད་པའི་བདེ་སྲུང་མི་སྣ་རེ་ཟུང་ཡོང་ཏེ་ལྷ་མོ་སྒྲོལ་མ་ལ་སྐད་ཆ་འདྲི་རྒྱུ་ཞིག་ཡོད་ཚུལ་བཤད་དེ་ཁྲིད་ཡོད་འདུག ཁོང་གི་རོགས་པ་སྤུན་མཆེད་ཚོར་ལྷ་མོ་སྒྲོལ་མའི་སྐོར་གྱི་གནས་ཚུལ་ཕྱིར་བསྒྲགས་བྱས་ཚེ་ཁྱེད་ཅག་ལ་ཡང་ཉེན་ཁ་ཡོད་པའི་འཇིགས་སྐུལ་ཀྱང་བྱས་པ་དང་། དེ་རྗེས་ས་གནས་གང་དུ་ཡོད་མེད་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་གི་མེད་པ་རེད།

ཕྱི་ལོ་༢༠༡༢ ལོའི་གསུམ་བཅུའི་དུས་དྲན་སྐབས་ལྷ་མོ་སྒྲོལ་མའི་ཉེ་འབྲེལ་གྲྭ་མིང་ལ་སངས་རྒྱས་རྒྱ་མཚོས་འབོ་རྭའི་ཡུལ་ཚོའི་ཐོག་ནས་བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས་པ་སོགས་ཀྱི་འབོད་ཚིག་སྒྲོག་ཞོར་རྒྱ་ནག་ལ་ཡར་ལངས་ངོ་རྒོལ་བྱས་རྐྱེན། ཟླ་ངོ་ཁ་ཤས་རིང་བཙོན་མཇུག་བཀག་ཉར་བྱེད་སྐབས་ལྷ་མོ་སྒྲོལ་མས་སྔ་ཕྱིར་བཙོན་ཁང་དུ་ཟས་གོས་སོགས་ཡང་ཡང་བསྐྱལ་བས་མོ་ལ་ཡང་ཆབ་སྲིད་ཀྱི་དོགས་གཞིའི་འོག་ཕྱིས་སུ་འགྲོ་འདུག་སྐྱོད་གསུམ་ལ་རང་དབང་མེད་པར་མ་ཟད། བླ་བྲང་བཀྲ་ཤིས་འཁྱིལ་དུ་གནས་མཇལ་འགྲོ་བའམ་ཡང་ན་གསུམ་བཅུའི་དུས་དྲན་དང་།  སྐུའི་འཁྲུངས་སྐར་སོགས་སུ་ཡར་མར་འགྲོ་དགོས་ཚེ་ངེས་པར་དུ་འབོ་རྭ་ཡུལ་ཚོའི་སྤྱི་བདེ་ཉེན་རྟོག་པར་བཀའ་འཁྲོལ་ཞུ་དགོས་བའི་གཏན་འབེབས་བྱས་འདུག ད་ལྟའི་ཆར་མོ་གང་ཞིག་ཏུ་བཀག་ཉར་བྱས་པ་སོགས་ཀྱི་གནས་ཚུལ་རྒྱུས་མངའ་མེད་སྟབས་མོའི་ནང་མི་དང་སྤུན་མཆེད་སོགས་ཀྱིས་ཧ་ཅང་བློ་འཚབ་ཆེན་པོ་བྱེད་བཞིན་པ་རེད།

ལྷ་མོ་སྒྲོལ་མ་སོགས་གནས་སྐོར་གྱི་ལམ།

ལྷ་མོ་སྒྲོལ་མ་ནི་བོད་ཨ་མདོ་བསང་ཆུ་རྫོང་འབོ་རྭ་ཡུལ་ཚོ་ནས་ཡིན་པ་དང་། རང་ལོ་དྲུག་ཅུ་ལྷག་དང་སློབ་སྦྱོང་དང་ཆབ་སྲིད་ཀྱི་གོ་རྟོགས་སོགས་གང་ཡང་མེད་པའི་བུད་མེད་དཀྱུས་མ་ཞིག་ཡིན་འདུག གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན་སྔ་ཕྱིར་རྒྱ་ནག་གི་སྡུག་རྩུབ་སྲིད་ཇུས་འོག་ནས་བོད་ཁུལ་གྱི་བོད་མི་མང་དག་ཅིག་ཆབ་སྲིད་དང་འབྲེལ་བ་ཡོད་སྐོར་གྱིས་དོན་མེད་གར་སོང་ཆ་མེད་དུ་གྱུར་བ་དང་བོད་མི་རེ་ཟུང་གསང་བའི་བཀག་ཉར་འདྲི་གཅོད་ནན་མོ་བྱས་མཐར་སྡུག་སྦྱོང་མནར་གཅོད་ཚད་མེད་བྱས་པ་བརྒྱུད་གཅོང་ནད་ཅན་དུ་གྱུར་བའི་གནས་ཚུལ་ཡང་མང་པོ་བྱུང་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this: