བོད་མིར་སོ་ལྟ་བྱེད་མཁན་རྒྱ་ནག་གི་གསང་མྱུལ་བ་ཡིན་པའི་ཉེས་འཛུགས།

ཡུ་རོབ་ཀྱི་རྒྱལ་ཁབ་སུ་ཝེ་ཌན་དུ་དེ་གར་ཡོད་པའི་བོད་མི་རྣམས་ལ་སོ་ལྟ་བྱེད་མཁན་རྒྱ་ནག་གི་གསང་མྱུལ་བ་ཞིག་ལ། གཞུང་གི་ཁྲིམས་རྩོད་པ་ཞིག་གིས་ཉེས་འཛུགས་བྱས་ཡོད་འདུག་ཀྱང་། མི་དེས་ཉེས་འཛུགས་ཚང་མར་ངོས་ལེན་བྱས་མེད་འདུག

ཟླ་༤ པའི་ཚེས་༡༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། སུ་ཝེ་ཌན་རྒྱལ་ཁབ་ཏུ་གཞུང་གི་ཁྲིམ་རྩོད་(prosecutor) ཞིག་གིས། མི་ཞིག་ལ་རྒྱལ་ཁབ་དེར་གནས་སྡོད་བྱེད་མཁན་བོད་མི་རྣམས་ཀྱི་སྡོད་ཁང་གི་མཐུན་རྐྱེན་དང་། ནང་མིའི་གནས་སྟངས། ཆབ་སྲིད་ཀྱི་ལས་འགུལ་དང་ཚོགས་འདུ་སོགས་ཀྱི་ཐོག་ལ་གནས་ཚུལ་བསྡུ་རུབ་བྱས་ཏེ། རྒྱ་ནག་གི་གསང་བའི་ལས་ཁུངས་ལ་གནས་ཚུལ་མཁོ་སྤྲོད་བྱེད་ཀྱི་ཡོད་པའི་ཉེས་འཛུགས་བྱས་ཡོད་འདུག

མི་དེའི་ཁྲིམས་རྩོད་པས་ཁོ་ལ་ལོ་བཞི་བར་གྱི་བཙོན་འཇུག་ཁྲིམས་ཆད་འཕོག་སྲིད་པས། ཁོས་ཉེས་འཛུགས་ཚང་མར་ངོས་ལེན་བྱས་མེད་སྐོར་བརྗོད་ཡོད་འདུག་པ་དང་། སུ་ཝེ་ཌན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་གནད་དོན་དེའི་སྐོར་ལན་འདེབས་གང་ཡང་བྱས་མེད་འདུག

༢༠༡༧ ལོའི་ཕྱི་ཟླ་༢ པའི་ནང་ཁོ་དོགས་གཞིའི་འོག་བཀག་ཉར་བྱས་ཡོད་པ་དང་། སྐབས་དེར་བོད་མིར་སོ་ལྟ་བྱེད་མཁན་ཡིན་སྐོར་ལས། གསང་བའི་ལས་ཁང་གིས་མི་དེ་རྒྱལ་ཁབ་གང་ནས་ཡིན་པ་དང་། རྒྱལ་ཁབ་སུ་ཡི་ཆེད་དུ་སྐྱབས་བཅོལ་བོད་མི་ཚོར་སོ་ལྟ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་མེད་པ་རེད།

ད་ལྟ་བརྒྱུད་ལམ་ཁག་ཅིག་ཏུ་མི་དེ་ནི་རང་ལོ་༤༩ ཡིན་པའི་རྡོ་རྗེ་རྒྱལ་མཚན་ཡིན་པ་དང་། ཕྱི་ལོ་༢༠༠༠ ལོ་རྗེས་སུ་རྒྱལ་ཁབ་དེར་སྐྱབས་བཅོལ་བའི་མིང་ཐོག་ནས་གཏན་སྡོད་ལག་ཁྱེར་ཐོབ་ཡོད་འདུག་པ་དང་། ཁོས་གསང་མྱུལ་གྱི་ལས་ཀ་དེ་ཕྱི་ལོ་༢༠༡༥ ལོའི་ཟླ་༧ པ་ནས་ཕྱི་ལོ་༢༠༡༧ ལོའི་ཟླ་༢ པ་བར་བྱས་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

ཁོས་ནོར་ཝེ་རྒྱལ་ཁབ་དུ་བོད་མིའི་ལས་འགུལ་ལ་མཉམ་ཞུགས་བྱས་ཡོད་ཁར། ༧གོང་ས་མཆོག་དེ་གར་ཆིབས་བསྒྱུར་བསྐྱང་སྐབས། གསར་འགོད་པའི་ལས་ཀ་ཡང་བྱས་ཡོད་པ་རེད་འདུག གཞུང་གི་ཁྲིམས་རྩོད་པས་བརྗོད་དོན་ལྟར་ན། ཁོས་ཡུ་རོབ་ཀྱི་པོ་ལན་ཌ་རྒྱལ་ཁབ་ནང་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་དྲུང་ཡིག་ཅིག་དང་ཐེངས་མང་པོ་ཐུག་ནས་གནས་ཚུལ་མཁོ་སྤྲོད་བྱས་ཡོད་ཁར། ཡུ་རོབ་ཧྥེན་ལན་ཌ་ནང་དུ་ཡང་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པར་དོགས་པ་ཡོད་པའི་མི་ཞིག་དང་ཐུག་ཡོད་པ་རེད་འདུག

ཁོ་འཛིན་བཟུང་བྱས་པའི་སྐབས་སུ་པོ་ལན་ཌའི་རྒྱལ་ས་ཝར་སོ་ནས་ཕྱིར་ལོག་བྱས་ཚར་ཙམ་ཡིན་པ་དང་། སྐབས་དེར་ཁོའི་ལག་ཏུ་ཨ་སྒོར་༦༠༠༠ ཡོད་པ་དེ་གནས་ཚུལ་མཁོ་སྤྲོད་བྱས་པའི་གླ་ཆ་ཡིན་པར་གཞུང་གི་ཁྲིམས་རྩོད་པ་དེས་ངོས་འཛིན་བྱེད་བཞིན་འདུག

སུ་ཝེ་ཌན་ནང་དུ་བོད་མི་༡༤༠ ཙམ་གནས་སྡོད་བྱེད་བཞིན་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this: