གྲོས་ཚོགས་འཐུས་མིས་བཙན་གཡེམ་བྱས་མིན་ཐད་འདྲི་རྩད་གཅོད་རྒྱུའི་བཀའ་རྒྱ།

རྒྱ་གར་ཡུ་པི་མངའ་སྡེའི་གྲོས་ཚོགས་འཐུས་མི་ཞིག་གིས་བུ་མོ་ལོ་༡༧ ཅན་ཞིག་ལ་བཙན་གཡེམ་བྱས་མིན་གྱི་རྙོག་འཛིང་ཁྲོད། བུ་མོའི་པ་ལགས་ཀྱི་ཚེ་སྲོག་ཤོར་ཡོད་འདུག་པ་དང་། དབུས་གཞུང་གིས་བཙན་གཡེམ་དོན་རྐྱེན་གྱི་གནད་དོན་དེར་འདྲི་རྩད་གཅོད་རྒྱུའི་བཀའ་རྒྱ་བཏང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༡༢ ཉིན་རྒྱ་གར་དང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟ་རང་ལོ་༥༠ ལ་སོན་ཞིང་བྷེ་ཇེ་པེ་ཆབ་སྲིད་ཚོགས་པ་ནས་ཡིན་པའི་རྒྱ་གར་ཡུ་པི་མངའ་སྡེའི་གྲོས་ཚོགས་འཐུས་མི་ཀུལ་ཌིབ་སེན་གྷར་(Kuldeep Sengar)ཞེས་པར། བཙན་གཡེམ་དོན་རྐྱེན་གྱི་ཉེས་འཛུགས་བྱུང་མཐར། རྒྱ་གར་དབུས་གཞུང་གིས་གནས་ཚུལ་དེའི་ཐོག་འདྲི་རྩད་གཅོད་དགོས་པའི་བཀའ་རྒྱ་བཏང་ཡོད་འདུག

ད་ལྟའི་ཆར་དོགས་ཡོད་ཉེས་ཅན་པ་དེ་འཛིན་བཟུང་བྱ་རྒྱུ་ཡིན་མིན་དང་། གལ་ཏེ་འཛིན་བཟུང་བྱ་ཚེ་ནམ་ཞིག་ལ་གཟུང་རྒྱུ་ཡིན་མིན་གསལ་པོ་ཆགས་མེད་འདུག་ཀྱང་། མངའ་སྡེའི་ཉེན་རྟོག་པས། རྒྱ་གར་དབུས་བརྟག་ཞིབ་ཁང་གིས་འཛིན་བཟུང་དགོས་པའི་བརྡ་གཏོང་བ་དང་གཟུང་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག

དོགས་ཡོད་ཉེས་ཅན་པ་གྲོས་ཚོགས་འཐུས་མི་དེར། ན་ནིང་ལོར་བུ་མོ་ལོ་༡༧ ལས་མ་སོན་པ་ཞིག་ལ་བཙན་གཡེམ་བྱས་ཡོད་པའི་ཉེས་འཛུགས་བྱས་ཡོད་འདུག་ཀྱང་། ཁོས་ཉེས་འཛུགས་དེར་ངོས་ལེན་གཏན་ནས་བྱས་མེད་པ་དང་། གནོད་འཚེ་ཕོག་ཡུལ་གྱི་བུ་མོ་དེས་ལོ་སྔོན་མའི་ཕྱི་ཟླ་༦ པ་ནས་བཟུང་། ཉེན་རྟོག་པའི་དྲུང་ནས་མཐུན་འགྱུར་རོགས་སྐྱོར་ཐོབ་རྒྱུར་འབད་བརྩོན་བྱས་མིན་ལ་མ་ལྟོས་པར་དོན་འབྲས་གང་ཡང་མ་སོན་སྟབས། མཐར་བདུན་ཕྲག་སྔོན་མའི་ནང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ཁྱིམ་གྱི་མདུན་དུ་རང་ཤི་རྒྱག་རྒྱུའི་ཐབས་ཤེས་འཐེན་ཡོད་འདུག

དེ་བཞིན་གནོད་འཚེ་ཕོག་ཡུལ་གྱི་བུད་མེད་ལོ་ཆུང་མ་དེས། གྲོས་ཚོགས་འཐུས་མི་དེས་མོའི་ནང་མིར་འཇིགས་སྐུལ་བྱས་ནས་ཉེས་འཛུགས་དེ་ཕྱིར་འཐེན་བྱེད་རྒྱུའི་དགོས་འདུན་འདོན་བཞིན་ཡོད་ཀྱང་། དེ་ལྟར་མ་བྱས་སྟབས་བདུན་ཕྲག་སྔོན་མའི་ནང་གྲོས་ཚོགས་འཐུས་མིའི་རྒྱབ་སྐྱོར་བ་དང་། མོའི་པ་ལགས་གཉིས་བར་འཁྲུག་འཛིང་ཤོར་ནས་ཟླ་འདིའི་ཕྱི་ཚེས་༩ ཉིན་པ་ལགས་ཀྱི་ཚེ་སྲོག་ཤོར་ཡོད་པ་དང་། དེ་ནི་གྲོས་ཚོགས་འཐུས་མིའི་ཅོ་ཅོས་བརྡུང་ཏེ་འདས་གྲོངས་སུ་སོང་བ་ཞིག་ཡིན་སྟབས་འགན་ཁོ་ལ་ཡོད་སྐོར་བརྗོད་ཡོད་འདུག་པ་མ་ཟད། དེ་སྔོན་མངའ་སྡེའི་ཉེན་རྟོག་པས་ཁྲིམས་གཅོད་བྱ་རྒྱུར་མོས་མཐུན་བྱས་མེད་སྐོར་ཡང་བརྗོད་ཡོད་འདུག

གནོད་འཚེ་ཕོག་ཡུལ་བུ་མོ་དེའི་པ་ལགས་འདས་གྲོངས་སོང་རྗེས་ཕྱི་ཚེས་༡༠ ཉིན་དོགས་ཡོད་ཉེས་ཅན་པའི་ཅོ་ཅོ་ཨཱ་ཊུལ་སིན་སེན་གྷར་(Atul Singh Sengar)ཞེས་པ་དེ་འཇུ་བཟུང་བྱས་ཡོད་འདུག་ཀྱང་། དེ་ནི་སྤྱི་ཚོགས་དྲ་ལམ་ཁག་ནས་མང་ཚོགས་ཀྱིས་ཁོང་ཁྲོའི་རྣམ་འགྱུར་དྲག་པོ་བསྟན་པ་དང་། གནོད་འཚེ་ཕོག་ཡུལ་གྱི་ནང་མིས་ངོ་རྒོལ་དྲག་པོ་བྱས་སྟབས་གཞི་ནས་འཇུ་བཟུང་བྱས་པ་ཞིག་ཡིན་འདུག

བཙན་གཡེམ་དོན་རྐྱེན་གྱི་གནས་ཚུལ་འདི་ན་ནིང་ལོའི་ཕྱི་ཟླ་༦ པའི་ཚེས་༤ ཉིན་བྱུང་ཡོད་སྐོར་འདུག་ཀྱང་། དོགས་ཡོད་ཉེས་ཅན་པ་གྲོས་ཚོགས་འཐུས་མི་དེས་ད་ལྟ་ཡིན་ན་ཡང་ནག་ཉེས་དེ་འདྲ་བཟོས་ཡོད་པར་ངོས་ལེན་གཏན་ནས་བྱས་མེད་འདུག

གནད་དོན་འདིའི་ཐོག་ལས་འགུལ་བ་ཚོས་ཉེས་འཛུགས་དེ་ཧ་ཅང་ཚབས་ཆེན་པོ་ཞིག་ཡིན་སྟབས། འཕྲལ་དུ་དོགས་ཡོད་ཉེས་ཅན་པ་དེ་འཛིན་བཟུང་བྱེད་དགོས་པ་ཞིག་ཡིན་སྐོར་བརྗོད་བཞིན་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this: