ཁྱི་དང་ཉེ་ན་རྨ་དང་ཉེ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༩༤  ཕྱི་ལོ་ ༢༠༡༨/༤ /༢༦

ཁྱི་དང་ཉེ་ན་རྨ་དང་ཉེ་ཞེས་པ་འདི་མཐོང་ཚེ་ཀློག་མཁན་རྣམ་པས་གནས་ཚུལ་གང་ཞིག་གི་སྐོར་ལ་གླེང་གི་ཡོད་མེད་ཚོད་དཔག་བྱེད་དཀའ་བ་ལྟ་བུ་ཡོང་སྲིད་ཀྱང་། འདི་ནི་བོད་ཀྱི་གནའ་བོའི་གཏམ་དཔེ་ཞིག་རེད། དཔེ་དེ་ནི་ཁྱི་དང་བར་ཐག་ཅི་ཙམ་ཉེ་ནའང་དེ་ཙམ་གྱིས་ཁྱིས་མི་ལ་སོ་བརྒྱབ་ནས་རྨ་བཟོ་རྒྱུའི་ཉེན་ཁ་ཆེ་བ་ཡོད་པའི་རྒྱུ་མཚན་གྱིས་ཡིན་པ་དང་། དོན་ནི་མི་ངན་མགོ་བདེ་དྲན་འཕྲུལ་ཅན་ངོ་ཚ་ཞེ་ཁྲེལ་མེད་པ་དག་དང་ཅི་ཙམ་ཉེ་ན་དེ་ཙམ་གྱིས་རྙོག་གྲ་མང་བ་ཡོད་པ་སྟོན་པའི་ཆེད་དུ་རེད། དེ་རིང་འདིར་དེ་ལྟར་བརྗོད་དགོས་དོན་ཉེ་བའི་ལོ་ཤས་ནང་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་བྱུང་བའི་གནས་ཚུལ་མང་པོ་ཞིག་ལ་བལྟས་ཡོང་དུས། བོད་པའི་སྲོལ་རྒྱུན་གྱི་གཏམ་དཔེ་འདི་དག་སེམས་ལ་མི་འཁོར་ཀ་མེད་ཅིག་ཏུ་གྱུར་འདུག གནད་དོན་འདིའི་ཐད་ནས་དཀའ་ངལ་དེ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཆེ་ཁག་དང་འབྲེལ་བའི་ཐོག་ནས་བྱུང་ཡོད་ལ། གནད་ཡོད་མི་སྣ་མི་སྒེར་ངོས་ནས་གནས་ཚུལ་འདི་ལྟ་བུ་འཕྲད་པའང་བྱུང་ཡོད། གནས་ཚུལ་འདི་དག་ལ་བསམ་བློ་གཏོང་དགོས་པ་གལ་ཆེ་ཤོས་སུ་གྱུར་ཡོད།

སྤྱིར་མི་ཡག་སྡུག་ཅེས་པ་དེ་ལས་སླ་པོ་ཤེས་ཐུབ་པ་ཞིག་མིན་ཡང་། གཟབ་ནན་མ་བྱས་ན་དཀའ་ངལ་མང་པོ་ཞིག་རང་བཞིན་གྱིས་འཕྲད་ཡོང་གི་ཡོད། དཔེར་ན་ལོ་ཤས་སྔོན་བདེ་སྲུང་ལས་ཁུངས་ནས་རྒྱ་གཞུང་གི་གསང་མྱུལ་བ་རེད་ཅེས་བོད་མི་ཞིག་རྒྱ་གར་གཞུང་ལ་ཡོངས་གྲགས་ཀྱིས་རྩིས་སྤྲོད་བྱས་པ་དེ་ལ་མཚོན་ན། ཐོག་མ་བདེ་སྲུང་ལས་ཁུངས་ནས་གནད་ཡོད་མི་སྣ་རུ་བརྩིས་ནས་དམག་སྒར་ཨང་༢༢ པའི་ནང་དུ་ལས་དོན་གང་ཞིག་གི་ཆེད་དུ་ཆེད་གཏོང་བྱས་ཡོད་པ་དང་། དེའི་རྗེས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཀ་ཡང་བྱེད་དུ་བཅུག་ཡོད། དེ་བཞིན་ཚེ་བཀྲ་བླ་མ་ཟེར་བ་དེ་ཡང་སྔ་རྗེས་སུ་བེད་སྤྱོད་མང་པོ་བཏང་ཡོད་ཚུལ་ཉེ་ཆར་འབྲེལ་ཡོད་མི་སྣ་ཞིག་གིས་གསལ་པོ་བཤད་སོང་། ཤོད་མཁན་དེས་སྐད་ཆ་བདེན་པ་ཡིན་པའི་ངེས་པ་གང་ཡང་མེད་ཀྱང་། ཁོ་དང་དེའི་འབྲེལ་ཡོད་དག་ཀྱང་བདེ་སྲུང་དང་འབྲེལ་བ་བྱུང་བའི་གནས་ཚུལ་ཕྱིར་བསྒྲགས་བྱས་སོང་ལ། རང་བཙན་ལག་དེབ་མེར་སྲེག་བཏང་བས་མཚོན་མི་དེའི་རང་བཞིན་ག་འདྲ་ཞིག་ཡིན་གསལ་པོར་གྱུར་ཟིན་པས། ཁྱི་དང་ཉེ་ན་རྨ་དང་ཉེ་ཞེས་པ་ལྟ་བུར་གྱུར་འདུག

ད་དུང་བདེ་སྲུང་ལས་ཁུངས་དང་རྒྱ་དམར་གཞུང་གཉིས་ངོས་ནས་ཁེ་ཕན་ལེན་བཞིན་པའི་ཉན་རྣ་པ་མགོ་གཉིས་ཅན་མང་པོ་ཞིག་ཡོད་ཚོད་འདུག་པ་དང་། རྩ་དོན་གྱི་ཆེད་དུ་མིན་པར་ཁེ་ཕན་གྱི་ཆེད་དུ་བསམ་བློ་གཏོང་མཁན་དག་ལ་མཚོན་ན་ཁེ་ཕན་ཕྱོགས་གཅིག་དང་གཉིས་གསུམ་གང་ནས་རག་ཀྱང་ལེན་རྐྱང་བྱེད་པ་ལས་འཛེམས་ཟོན་བྱེད་མི་སྲིད་པ་རེད། གདུག་འདྲེ་དོལ་རྒྱལ་གྱི་རྗེས་འབྲངས་པ་དག་ལ་མཚོན་ན་ད་ལྟའི་ཆར་བོད་དང་བོད་པའི་ཁེ་ཕན་ལ་གནོད་པའི་བྱ་བ་བྱེད་མཁན་དངོས་ཤིག་ཏུ་གྱུར་ཟིན་ནའང་། དོལ་ཚོགས་ལ་ཁ་གཏད་གཅོག་གི་ཡོད་པའི་རྣམ་འགྱུར་དང་འགྲེལ་བཤད་ཙམ་ལ་བརྟེན་ནས་དེ་ལ་དངོས་ཤུགས་བརྒྱུད་གསུམ་ནས་མཐུན་འགྱུར་གནང་ན། ཉེ་སྔོན་དོན་དམ་པའི་དམངས་ཁྲོད་ཁ་བརྡ་ཞེས་པའི་འགན་ཁུར་བས་བྱེད་སྟངས་དང་གཅིག་པ་བྱེད་མཁན་མུ་མཐུད་ཡོང་སྲིད་པ་རེད། དོལ་ཚོགས་ཡིན་ནའང་འདྲ། བོད་མི་སུ་ཡིན་ནའང་འདྲ། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱོགས་སུ་བཀུག་ནས་༧གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་ལ་ཉན་ཐུབ་པ་ཞིག་ཡོང་ཐབས་བྱེད་དགོས་པ་ལས་འགན་གཙོ་བོ་ཡིན།

༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་ཁ་གཏད་གཅོག་མཁན་མང་དུ་གཏོང་རྒྱུ་དེ་ང་ཚོའི་ལས་ཀ་གཏན་ནས་མིན་པ་མ་ཟད། ང་ཚོའི་གྱོང་གུད་དང་དགྲ་བོ་རྒྱ་དམར་གཞུང་གི་དགོས་མཁོ་ཉག་གཅིག་ཏུ་གྱུར་ཡོད་པས། ༧གོང་ས་མཆོག་དང་། བོད་མིའི་སྒྲིག་འཛུགས་ལ་ཁ་གཏད་གཅོག་མཁན་གཞན་གྱི་བེད་སྤྱོད་འོག་ཏུ་ཡོད་པའི་བོད་མི་དེ་དག་དང་། ང་ཚོའི་དབར་འགལ་ཟླ་ཆེ་རུ་གཏོང་བར་འབད་བརྩོན་བྱེད་མཁན་དག་ལ་བོད་མིའི་སྒྲིག་འཛུགས་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་གཏན་ནས་བྱེད་མི་རུང་བ་ཞིག་རེད། དཔེར་ན་ཚེ་བཀྲ་བླ་མ་ཟེར་བས་སྐད་ཆ་བཤད་པའི་སྐབས་སུ་དེའི་འགན་ཁུར་ཚོགས་ཆུང་གི་ནང་དུ་ཡོད་པའི་མི་སྣ་དག་ལ་བལྟས་ན་སྤྱི་དོན་ལ་འགན་ཁུར་མཁན་འབའ་ཞིག་ཡིན་མིན་ཡང་ཧ་ཅང་གསལ་པོ་རེད། གནད་དོན་འདི་དང་ལྟ་བུ་མང་ཡང་གོང་གསལ་དཔེ་མཚོན་མི་སྣ་དག་ལས་གཞན་བརྗོད་དགོས་མ་མཐོང་ཞིང་། གཟབ་གཟབ་མ་བྱས་ན་མི་འདི་དང་འདི་ལྟ་བུའི་ནང་དུ་ཁེ་ཕན་གཉིས་ལེན་བྱེད་མཁན་མང་པོ་ཞིག་ཡོང་གི་མེད་བསམ་པ་ལྟ་བུ་རང་བཞིན་གྱིས་དྲན་འོས་པ་ཞིག་རེད།

བོད་མིའི་སྒྲིག་འཛུགས་ཙམ་མ་ཡིན་པར་གནད་ཡོད་མི་སྣ་རེ་ཟུང་ལའང་། རང་ཉིད་ཀྱི་ལྟོས་བཅས་དང་འབྲེལ་ཡོད་རྒྱབ་སྐྱོར་བའི་རྣམ་པའི་ཐོག་ནས་དོན་དུ་ཞབས་ནས་འདྲེན་མཁན་མང་པོ་བྱུང་སོང་བ་འདི་དག་ཀྱང་། དོན་དངོས་སུ་ཁྱི་དང་ཉེ་ན་རྨ་དང་ཉེ་ཞེས་པ་ལྟ་བུར་གྱུར་སོང་། སྤྱིར་མི་ཡག་སྡུག་དང་། གནད་དོན་ཡག་སྡུག་གང་ཡིན་ཡང་གཞི་གཅིག་ལ་ལྟ་སྟངས་མི་འདྲ་བའི་ཐོག་ནས་བལྟས་ན། མཐོང་སྟངས་ཀྱང་མི་འདྲ་བ་མཐོང་གི་ཡོད་པས་འདི་ཡང་དག་པ་ཁོ་ནའོ།། འདི་ནོར་བ་ཁོ་ནའོ།། ཞེས་སུ་གཅིག་གིས་ཁ་ཚོན་གཅོད་ཐུབ་ཐབས་མེད་ཀྱང་། ད་ལྟ་ང་ཚོ་འཐབ་རྩོད་བྱེད་མཁན་ཞིག་གི་ངོས་ནས་བལྟས་ན་འཐབ་རྩོད་བྱེད་ཡུལ་དགྲ་བོ་རྒྱ་དམར་གཞུང་དགའ་དགོས་པའི་གནད་དོན་ཞིག་ཏུ་གྱུར་ཡོད་ན། ང་ཚོས་དེ་ནོར་འཁྲུལ་ཞིག་ཏུ་ངོས་འཛིན་བྱེད་འོས་པ་དང་། དགྲ་བོ་རྒྱ་དམར་གཞུང་སྡུག་དགོས་པའི་གནས་ཚུལ་ཞིག་བྱུང་ཡོད་ན། ང་ཚོས་འགྲིག་ཡོད་པ་ཞིག་ཏུ་ངོས་འཛིན་བྱས་ཀྱང་མི་འགྲིག་པ་མེད། དེར་བརྟེན་བོད་མིའི་སྒྲིག་འཛུགས་དང་གནད་ཡོད་མི་སྣ་སྒེར་བཅས་ནས་ཁྱི་དང་ཉེ་ན་རྨ་དང་ཉེ་ཞེས་པ་འདི་ལ་བསམ་བློ་གཏོང་དགོས་སྙམ།།

Share this: