ཨ་རིའི་ཁོར་ཡུག་ལས་འགུལ་བ་གྲགས་ཅན་ཞིག་གིས་རང་སྲེག་ངོ་རྒོལ་བྱས་འདུག

ཨ་རིའི་ནང་གི་མཚན་མཐུན་ཆགས་སྦྱོད་པ་རྣམས་ཀྱི་བདེ་སྡུག་དང་མཚན་མཐུན་གཉེན་སྒྲིག་ཐོག་ལ་ཁྲིམས་རྩོད་པ་གྲགས་ཅན་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་བ་གྲགས་ཅན་ཞིག་གིས་ཁོར་ཡུག་སྲུང་སྐྱོབ་དགོས་པའི་ཞུ་འབོད་བྱས་ཏེ་རང་སྲེག་ངོ་རྒོལ་བྱས་ནས་གྲོངས་ཡོད་འདུག་པ་དང་། ཁོང་གི་ཁ་ཆེམས་ནང་བོད་ནང་གི་རང་སྲེག་རྒྱ་རྒོལ་སྐོར་ཟུར་ཙམ་བརྗོད་ཡོད་འདུག

ཟླ་༤ པའི་ཚེས་༡༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་མངའ་སྡེ་ནིའུ་ཡོག་གི་གྲོང་སྡེ་བྷུ་རུག་ལན་ནང་དུ། ཟླ་༤ པའི་ཚེས་༡༤ ཉིན་གྱི་ཞོགས་པ་སྔ་པོར། ཨ་རིའི་རྒྱལ་ནང་དུ་མཚན་མཐུན་ཆགས་སྤྱོད་པའི་བདེ་སྡུག་དང་མཚན་མཐུན་གཉེན་སྒྲིག་ཐོག་གི་ཁྲིམས་རྩོད་པ་གྲགས་ཅན་དང་། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་བ་རང་ལོ་༦༠ སོན་པ་སྐུ་ཞབས་ཌ་ཝེཌ་བྷག་ཀེལ་(David S. Buckel) གྱིས། རང་སྲེག་ངོ་རྒོལ་བྱས་ཏེ་གྲོངས་ཡོད་པ་དང་། ཁོང་གིས་མི་ཚོར་འཛམ་གླིང་གི་ཁོར་ཡུག་སྲུང་སྐྱོབ་དགོས་པའི་ཞུ་འབོད་ཀྱི་ཁ་ཆེམས་བཞག་ཡོད་འདུག་པ་དང་། རང་སྲེག་ངོ་རྒོལ་མ་བྱས་པའི་སྔོན་དུ་ཨ་རིའི་བརྒྱུད་ལམ་ཆེ་ཁག་ལ་གློག་འཕྲིན་བརྒྱུད་ནས་ཁ་ཆེམས་བཏང་ཡོད་པ་དང་། རང་སྲེག་བྱེད་ཡུལ་གྱི་ཉེ་འགྲམ་དུ་ཡང་ཁ་ཆེམས་ཀྱི་ཡི་གེ་བཞག་ཡོད་འདུག

ཁོང་གི་ཁ་ཆེམས་ནང་དུ་འབག་བཙོག་གིས་འཛམ་གླིང་འདི་གཏོར་བཤིག་གཏོང་བཞིན་ཡོད་པ་དང་། རླུང་དང་ས། ཆུ། གནམ་གཤིས་སོགས་ཀྱི་འབག་བཙོག་ལ་བརྟེན་ནས། འཛམ་གླིང་འདིར་གནས་སྡོད་མི་རུང་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པ། མི་མང་ཆེ་བ་རྡོ་སྣུམ་དང་ས་སྣུམ་སོགས་ཀྱིས་འབག་བཙོག་བཟོས་པའི་མཁའ་དབུག་རྔུབ་བཞིན་ཡོད་པ་དང་། ཁོང་གི་རང་སྲོག་གཅོད་བྱེད་ཀྱང་སྣུམ་དེ་རིགས་བེད་སྤྱད་པ་དེས། མི་ཚོས་སོ་སོར་ག་རེ་བྱེད་ཀྱི་ཡོད་པ་མཚོན་གྱི་ཡོད་སྐོར་དང་། རང་སྲེག་ངོ་རྒོལ་དེས་གཞན་ལ་ཕན་ཐོགས་པའི་རེ་བ་ཡོད་སྐོར་བྲིས་ཡོད་པ་རེད་འདུག

དེ་བཞིན་ཁོང་གི་ཁ་ཆེམས་ནང་དུ། གནད་དོན་ཞིག་གི་ཆེད་དུ་རང་སྲེག་ངོ་རྒོལ་བྱེད་པ་དེ་ནི་གསར་པ་ཞིག་མིན་པར། བོད་ནང་དུ་བོད་མི་ཚོས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་ཆེད་རང་སྲེག་རྒྱ་རྒོལ་བྱེད་ཀྱི་ཡོད་སྐོར་བྲིས་ཡོད་འདུག བོད་ནང་གི་རང་སྲེག་རྒྱ་རྒོལ་སྐོར་གྱི་ཟུར་བརྗོད་དེ་ཨ་རིའི་བརྒྱུད་ལམ་ཆེ་ཤོས་སི་ཨན་ཨན་ནང་དུ་བཀོད་མི་འདུག་ཀྱང་། ནིའུ་ཡོག་དུས་བབ་དང་བརྒྱུད་ལམ་གཞན་ཁག་ཅིག་ཐོག་ཏུ་བཀོད་འདུག

སྐུ་ཞབས་བྷག་ཀེལ་གྱིས་ཨ་རིའི་ནང་གི་མཚན་མཐུན་ཆགས་སྤྱོད་པ་རྣམས་ཀྱི་བདེ་སྡུག་དང་མཚན་མཐུན་གཉེན་སྒྲིག་ཁྲིམས་མཐུན་བཟོ་ཆེད་དུ་ལས་ཀ་མང་པོ་བྱས་ནས། རྒྱལ་ནང་དུ་རྒྱུས་མངའ་ཡོད་པ་ཞིག་ཡིན་པ་དང་། ཉེ་བའི་ཆར་ཁོང་གིས་ཁོར་ཡུག་སྲུང་སྐྱོབ་ཆེད་ལས་འགུལ་སྤེལ་འགོ་བཙུགས་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this: